མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པཱ་ཀ་ཏཱའི་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གྲོས་ཚོགས་ནས་རྒྱལ་ཁབ་སོ་སོས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-14 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གཉིས་ཡིན་པའི་པཱ་ཀ་ཏཱའི་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གྲོས་ཚོགས་སྐབས་དང་པོ་ཚེས་བཅུ་གསུམ་ཉིན་དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་ནས་གྲོལ། གྲོས་ཚོགས་ནས་རྒྱལ་ཁབ་སོ་སོས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་པའི་ཐད་གྲོས་གཞི་མང་དུ་བཏོན།

གྲོས་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞེ་ཧི་ཡིས་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་ཚོགས་ནས་རྒྱལ་ཁབ་སོ་སོས་རྒྱལ་སྤྱིའི་སྨྱན་བྱད་ཀྱི་ལྟ་རྟོག་དོ་དམ་ཐད་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་བྱས་ཏེ། སྨྱན་བྱད་ཀྱིས་དྲག་ཤུགས་དང་ཤ་འཁོན། འཇིགས་སྐུལ་རིང་ལུགས་བཅས་ལ་ངན་སྐུལ་བྱེད་པའི་གཏམ་བཤད་སྔོན་འགོག་བྱེད་དགོས་པའི་གྲོས་གཞི་བཏོན་པ་དང་། རྒྱལ་ཁབ་སོ་སོས་བརྡ་འཕྲིན་བརྗེ་རེས་ལ་ཤུགས་སྣོན་བྱེད་པ་དང་། རྒྱལ་ཁབ་གཞན་པས་འཇིགས་སྐུལ་ཉེས་ཅན་ཕྱིར་སྤྲོད་པའི་ཐད་ནས་བཏོན་པའི་རེ་བར་གཞོགས་འདེགས་གང་ལེགས་བྱས་ཏེ། ནག་དངུལ་དཀར་བསྒྱུར་ལ་ཆམ་ཕབ་གཏོང་བ་དང་འཇིགས་སྐུལ་བྱ་འགུལ་གྱི་མ་དངུལ་ཡོང་ཁུངས་གཅོད་པའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པའི་གྲོས་གཞི་བཏོན་ཟེར།

ཞེ་ཧི་ཡིས་བཤད་རྒྱུར། གྲོས་ཚོགས་ནས་ད་རུང་རྒྱལ་ཁབ་སོ་སོས་ལྟ་རྟོག་དོ་དམ་དང་ཁྲིམས་འཛུགས་ལ་ཤུགས་སྣོན་བྱས་ཏེ། འཇིགས་སྐུལ་ཉེས་ཅན་གྱིས་ཉེན་གཡོལ་དང་གནས་སྤོར་ལ་རེ་ཞུ་བྱེད་པའི་བཅའ་ཁྲིམས་ལ་བརྟེན་ནས་ས་ཁོངས་གཞན་དུ་སོང་ནས་འཇིགས་སྐུལ་རིང་ལུགས་ལ་འབྲེལ་བའི་མི་སྣ་བསྡུ་ལེན་དང་། སྦྱོང་བརྡར། འཆར་འགོད། དྲིལ་སྒྲོག་སོགས་ཀྱི་བྱ་འགུལ་གཉེར་ཅིང་རྒྱལ་ཁབ་གཞན་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་སྤེལ་བར་སྔོན་འགོག་བྱེད་དགོས་པའི་གྲོས་གཞི་བཏོན།

པཱ་ཀ་ཏཱའི་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གྲོས་ཚོགས་སྐབས་དང་པོ་དེ་ཚེས་བཅུ་གཉིས་ཉིན་པཱ་ཀ་ཏཱའི་རྒྱལ་སྤྱིའི་ས་ཁུལ་གྱི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕོ་བྲང་ནས་ཚོགས་པ་དང་། རྒྱལ་ཁབ་དང་ས་ཁུལ་ཉེར་ལྔ་དང་། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ། ཡོ་རོབ་གླིང་མནའ་འབྲེལ། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་གྲོས་ཚོགས་ལ་ཞུགས་ཏེ། འཇིགས་སྐུལ་རྩ་འཛུགས་ཀྱི་མཚོན་ཆ་དང་མ་དངུལ་གྱི་ཡོང་ཁུངས་གནད་དོན་དང་། དབྱི་རག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནས་བབ། རྒྱལ་ཁབ་གཞན་པའི་བར་མཉམ་ལས་བྱས་ཏེ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག