མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཱ་ལེ་ཞི་ཡཱ་རྒྱལ་ཁབ་ཀྱིས་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུ་གར་སོང་ཆ་མེད་དུ་གྱུར་རྗེས་མུ་མཐུད་དུ་དུས་ཚོད་བཞིའི་རིང་འཕུར་བསྐྱོད་བྱས་པར་བཤད་པའི་གནས་ཚུལ་ཁས་ལེན་མ་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-14 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལེ་ཞི་ཡཱའི་འགྲིམ་འགྲུལ་པུའུ་ཀྲང་ཚབ་མ་ཞི་ཧྲ་མུའུ་ཏེན་གྱིས་ཚེས13ཉིན་གསར་འགྱུར་ལས་རིགས་ཀྱི་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུ་དེ་གར་སོང་ཆ་མེད་དུ་གྱུར་རྗེས་མུ་མཐུད་དུ་དུས་ཚོད་བཞིའི་རིང་འཕུར་བསྐྱོད་བྱས་པར་བཤད་པའི་གནས་ཚུལ་ཁས་ལེན་མ་བྱས་པ་དང་། མཱ་ལེ་ཞི་ཡཱ་རྒྱལ་ཁབ་ཀྱིས་སྦ་གསང་ཅི་ཡང་བྱས་མེད་ཟེར།

ཞི་ཧྲ་མུའུ་ཏེན་གྱིས་ཉིན་དེར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟི་དང་ལའོ་སི་ལེ་སི། པའོ་ཡུན་ཀུང་ཟི་བཅས་ཀྱིས་མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུ་གར་སོང་མ་རྙེད་པའི་དོན་རྐྱེན་ལ་རྟོག་ཞིབ་བྱས་པའི་གནས་ཚུལ་ལྟར་ན། གནམ་གྲུ་དེ་གར་སོང་ཆ་མེད་དུ་གྱུར་རྗེས་གནམ་གྲུའི་སྒུལ་འཁོར་གྱིས་མུ་མཐུད་དུ་གཞི་གྲངས་བརྒྱུད་སྤྲོད་བྱས་པ་དང་མུ་མཐུད་དུ་དུས་ཚོད་བཞིའི་རིང་འཕུར་བསྐྱོད་བྱས་པར་བཤད་པའི་གནས་ཚུལ་དེ་ཡང་དག་མིན་ཟེར།

ཞི་ཧྲ་མུའུ་ཏེན་གྱིས་བཤད་རྒྱུར། གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུ་དེས་ཆེས་མཇུག་མཐར་སྒུལ་འཁོར་གྱི་གཞི་གྲངས་བརྒྱུད་སྤྲོད་བྱས་པའི་དུས་ཚོད་ནི་ཚེས་བརྒྱད་ཉིན་གྱི་ཞོགས་པའི་དུས་ཚོད་གཅིག་དང་སྐར་མ་བདུན་ཡིན་པ་དང་། སྐབས་དེར་གནམ་གྲུའི་ཡོད་ཚད་རྒྱུན་ལྡན་རེད་ཟེར། ཚེས་བཅུ་གཉིས་ཉིན་མཱ་ལེ་ཞི་ཡཱའི་དམག་ཕྱོགས་ཀྱིས་བསྟན་དོན། གནམ་གྲུ་དེ་དུས་ཚོད་གཅིག་དང་ཕྱེད་ཀའི་སྟེང་མཱ་ལེ་ཞི་ཡཱའི་དམངས་སྤྱོད་ལེ་ཏཱའི་སྟེང་གར་སོང་ཆ་མེད་དུ་གྱུར་བ་དང་། དུས་ཚོད་གཉིས་དང་སྐར་མ་བཅོ་ལྔའི་སྟེང་དམག་བཀོལ་ལེ་ཏཱ་ཡིས་གར་སོང་མ་རྙེད་པའི་གནམ་གྲུ་ཡིན་པ་འདྲ་བའི་བརྡ་རྟགས་ཤིག་རྙེད་ཀྱང་འགྲུལ་སྐྱེལ་གནམ་གྲུ་དེ་ཡིན་པ་ཁག་ཐེག་བྱེད་ཐབས་མེད་ཟེར།

ཞི་ཧྲ་མུའུ་ཏེན་གྱིས་བསྟན་དོན། མཱ་ལེ་ཞི་ཡཱ་རྒྱལ་ཁབ་ཀྱིས་ཚེས་བཅུ་གསུམ་ཉིན་གནམ་གྲུ་མངག་གཏོང་བྱས་ཏེ་ཀྲུང་གོའི་འཁོར་སྐར་ལས་རྙེད་པའི་མཚོ་ཁར་གཡེང་བའི་དངོས་རྫས་ཡོད་སར་སྔོག་བཤེར་བྱས་ཀྱང་ཐོབ་བྱ་ཅི་ཡང་མེད། མིག་སྔར་བསྡོམས་པས་གྲུ་གཟིངས་ཞེ་གསུམ་དང་གནམ་གྲུ་བཞི་བཅུ་སྔོག་བཤེར་བྱ་བར་ཞུགས་ཡོད་ཀྱང་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུའི་ཁུངས་སྣེ་ཙམ་ཡང་རྙེད་མེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག