མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱི་གྲོས་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མྱུར་དུ་ཁི་ལི་མུས་ཡཱའི་གནས་བབ་ལ་ཞིབ་འཇུག་བྱེད་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-14 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་གྲོས་ཁང་གིས་ཚེས13ཉིན་འབོད་སྐུལ་ཡི་གེ་ཞིག་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མྱུར་དུ་ཝུའུ་ཁི་ལན་གྱི་ཁི་ལི་མུས་ཡཱ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་མིག་སྔའི་གནས་བབ་ལ་ཞིབ་འཇུག་བྱེད་དགོས་པའི་རེ་བ་བཏོན།

ཉིན་དེར་གྲོས་མི་སུམ་བརྒྱ་དང་སོ་བཞིའི་ཁྲོད། གྲོས་མི་ཉིས་བརྒྱ་དང་ལྔ་བཅུ་འཐད་པ་བྱུང་ཡོད། འབོད་སྐུལ་ཡི་གེ་དེ་ལས་ཝུའུ་ཁི་ལན་གྱི་རྒྱལ་ཁབ་ཀྱི་སྲིད་དབང་འཛིན་ལས་ཁུངས་དང་དེའི་དྲག་ཆས་སྟོབས་ཤུགས་ཀྱིས་རང་ཚོད་བཟུང་ཞིང་ཞི་བའི་སྒོ་ནས་འཁྲུག་རྩོད་ཐག་གཅོད་བྱེད་པའི་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་བཞིན་ཡོད་ཀྱང་། ཁི་ལི་མུས་ཡཱའི་གནས་བབ་དེ་ཉེ་ལམ་ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་དང་མཚོ་ནག་གྲུ་གཟིངས་རུ་ཁག་གིས་འགུལ་སྐྱོད་སྤེལ་བའི་དབང་གིས་སྔར་ལས་ཇེ་སྡུག་ཏུ་སོང་ཡོད། གནས་ཚུལ་དེ་འདྲར་དམིགས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་འབྲེལ་ཡོད་དོན་ཚན་ལྟར་དུ་ཝུའུ་ཁི་ལན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མྱུར་དུ་ཨུ་རུ་སིའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་འགལ་བའི་བྱ་སྤྱོད་དབང་གིས་ཇེ་སྡུག་ཏུ་སོང་བའི་ཁི་ལི་མུས་ཡཱའི་ཛ་དྲག་གི་གནས་བབ་ལ་ཞིབ་འཇུག་བྱེད་དགོས་པའི་འབོད་སྐུལ་བ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ནང་ཁས་ལེན་པའི་རང་སྲུང་དབང་ཆ་ལྟར་ན། ཝུའུ་ཁི་ལན་གྱིས་བདག་དབང་སླར་གསོ་དང་མངའ་ཁོངས་ཆ་ཚང་བའི་ཆེད་དུ་རྒྱལ་ཁབ་དང་ས་ཁུལ་རེ་འགའི་ཐུན་མོང་བདེ་འཇགས་ཚོགས་པ་གྲོགས་སུ་སྐུལ་བའི་དབང་ཆ་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག