མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁི་ལི་མུས་ཡཱའི་གྲོས་ཁང་ནས་རང་བཙན་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-12 10:58

克里米亚议会通过独立宣言.jpg

  ཟླ3པའི་ཚེས11ཉིན་བླངས་པའི་པར་འདི་ནི་ཝུའུ་ཁི་ལན་ཁི་ལི་མུས་ཡཱ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིན་ཧྥེ་ལོ་པའོ་ཨར་གྲོང་ཁྱེར་ནས་སེ་ཝ་སི་ཐའོ་པའོ་ཨར་གྲོང་ཁྱེར་དུ་བགྲོད་སའི་ལམ་འགྲམ་དུ་ཡོད་པའི་དམངས་ཡོངས་ཀྱིས་བརྡས་གཅོད་བྱེད་པའི་དྲིལ་སྒྲོག་བྱང་བུ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཁི་ལི་མུས་ཡཱ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཁང་གིས་ཚེས11ཉིན་གྲོས་ཆོད་ཅིག་ལ་གྲོས་མཐུན་བཀོད་དེ། སྤྱི་མཐུན་རྒྱལ་ཁབ་དེ་དང་སེ་ཝ་སི་ཐའོ་པའོ་ཨར་གྲོང་ཁྱེར་རང་བཙན་བྱེད་པའི་བསྒྲགས་གཏམ་ལ་ཆོག་མཆན་བཀོད་ནས་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་པར་རྨང་གཞི་བཏིང་། ཉིན་དེར་ཝུའུ་ཁི་ལན་གྱི་ཆེས་མཐོའི་གྲོས་ཁང་གིས་འབོད་སྐུལ་ཡི་གེ་ཞིག་ལ་གྲོས་མཐུན་བཀོད་དེ་ཨ་མེ་རི་ཁ་དང་དབྱིན་ཇི་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་གྱི་མངའ་ཁོངས་ཆ་ཚང་ཡོང་བར་འགན་སྲུང་བྱེད་དགོས་པའི་རེ་འདོད་ཞུས།

   ཁི་ལི་མུས་ཡཱའི་གྲོས་ཁང་གིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། བརྡས་གཅོད་ལ་ཞུགས་པའི་གྲོས་མི་གྱ་གཅིག་ཁྲོད་གྲོས་མི་དོན་བརྒྱད་འཐད་པ་བྱུང་ཡོད་ཟེར།

  བསྒྲགས་གཏམ་དེ་ལ་ནང་དོན་གཙོ་བོ་གསུམ་འདུས་ཡོད་དེ། གལ་ཏེ་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་གྱི་དམངས་ཡོངས་ཀྱི་བརྡས་གཅོད་ལས་སེ་ཝ་སི་ཐའོ་པའོ་ཨར་གྲོང་ཁྱེར་དང་བཅས་པའི་ཁི་ལི་མུས་ཡཱ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་པའི་གྲོས་ཆོད་བཏོན་ན། ཁི་ལི་མུས་ཡཱ་ཡིས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅོས་སྐྱོང་རྣམ་པའི་བདག་དབང་ཡོད་པའི་སྒེར་ཚུགས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་བ་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པ་དང་། ཁི་ལི་མུས་ཡཱ་སྤྱི་མཐུན་རྒྱལ་ཁབ་ནི་དམངས་གཙོ་དང་འཇིག་རྟེན་པའི་རིག་གནས་ལྡན་ཞིང་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཏུ་འགྱུར་སྲིད་པས། ས་ཁོངས་རང་གི་ཞི་བདེ་དང་མི་རིགས་བར་དང་ཆོས་ལུགས་བར་གྱི་འཆམ་མཐུན་ལ་ཁག་ཐེག་བྱེད་རྒྱུ་ཡིན་ལ། དམངས་ཡོངས་ཀྱི་བརྡས་གཅོད་ལ་དགོས་ངེས་ཀྱི་མཇུག་འབྲས་ཐོབ་པའི་གནས་ཚུལ་འོག ཁི་ལི་མུས་ཡཱ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བདག་དབང་ཡོད་པའི་རང་བཙན་རྒྱལ་ཁབ་ཀྱི་ཐོབ་ཐང་བཟུང་ནས་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱིས་དགོས་ངེས་ཀྱི་རྒྱལ་ཁབ་བར་གྱི་ཆིངས་ཡིག་གཞིར་བཟུང་སྟེ་རང་གི་རྒྱལ་ཕྲན་དུ་བསྡུ་ལེན་བྱེད་པའི་གྲོས་གཞི་འདོན་རྒྱུ་རེད།

  ཁི་ལི་མུས་ཡཱའི་གྲོས་ཁང་གི་གསར་འགྱུར་ལྟེ་གནས་ཀྱིས་བསྒྲགས་པ་ལྟར་ན། སེ་ཝ་སི་ཐའོ་པའོ་ཨར་གྲོང་ཁྱེར་གྱི་གྲོས་ཁང་གིས་ཀྱང་ཉིན་དེར་གྲོས་མཐུན་བཀོད་དེ་རང་བཙན་བསྒྲགས་གཏམ་དེར་ཆོག་མཆན་བཀོད་པ་རེད།

   ཝུའུ་ཁི་ལན་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གཅིག་ཉིན་ཨུ་རུ་སིའི་པོ་ལོ་ཏི་མཚོ་མོའི་གྲུ་གཟིངས་རུ་ཁག་དང་བྱང་ཕྱོགས་གྲུ་གཟིངས་རུ་ཁག་གི་དམག་གྲུ་ཝུའུ་ཁི་ལན་གྱི་ཆུ་ཁོངས་སུ་ཡོང་བའི་གནད་དོན་ལ་ཡང་བསྐྱར་ཨུ་རུ་སིའི་ཕྱོགས་དང་གྲོས་མོལ་བྱས་པ་དང་། ཨུ་རུ་སིའི་དམག་གྲུས་ཝུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ། ཆབ་སྲིད་སྒེར་ཚུགས་བཅས་ལ་འཇིགས་ཉེན་ཐེབས་བཞིན་ཡོད་ལ། བྱ་སྤྱོད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་ཀྱི་སྤྱི་ཆིངས་ནང་གཏན་འཁེལ་བྱས་པའི་ཞི་བདེའི་འགྲུལ་བཞུད་དུ་མི་གཏོགས་ཟེར། ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་དམག་གྲུ་དེ་དག་མྱུར་དུ་ཝུའུ་ཁི་ལན་གྱི་ཆུ་ཁོངས་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག