མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཕྱོགས་ཁག་སོ་སོས་དཀྲུག་འཕེན་དང་འོལ་ཚོད་ཀྱི་གཏམ་སྤྱོད་ལས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-11 11:18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། ཉེ་སྔོན་ཁི་ལི་མུས་ཡཱའི་གནད་དོན་གྱི་དབང་གིས་ཝུའུ་ཁི་ལན་གྱི་ཉམས་ཉེན་སྔར་ལས་ཇེ་སྡུག་ཏུ་སོང་ཡོད་པ་དང་། ཁོས་ཕྱོགས་ཁག་སོ་སོས་དཀྲུག་འཕེན་དང་འོལ་ཚོད་ཀྱི་གཏམ་སྤྱོད་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་།

ཕན་ཅི་ཝུན་གྱིས་བཤད་རྒྱུར། ཁོས་ཝུའུ་ཁི་ལན་གྱི་གནས་བབ་འགྱུར་ལྡོག་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཉམས་ཉེན་བྱུང་མ་ཐག་ནས་ཁོས་ཕྱོགས་ཁག་སོ་སོས་གནས་བབ་ཞི་འཇགས་སུ་གཏོང་དགོས་པ་དང་། ཐད་ཀར་དུ་ཕན་འབྲས་ལྡན་པའི་གྲོས་མོལ་བྱས་ཏེ་ཞི་བདེའི་བགྲོད་ལམ་གསར་གཏོད་བྱེད་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད།

ཁོས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཕྱོགས་ཁག་སོ་སོའི་བརྟན་འཇགས་གནས་བབ་ལ་རོགས་རམ་བྱས་ཏེ། དྲང་བདེན་དང་ཡུན་རིང་གི་ཆབ་སྲིད་ལ་བརྟེན་པའི་ཐག་གཅོད་བྱེད་ཐབས་ཐད་འབད་བརྩོན་བྱེད་དགོས། གནས་བབ་སྔར་ལས་ཇེ་སྡུག་ཏུ་སོང་བ་ལས་ཝུའུ་ཁི་ལན་གྱི་མི་དམངས་དང་ས་ཁུལ་ཡོངས། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ལ་གནོད་པ་ཚབས་ཆེན་བཟོ་སྲིད་ཟེར། ཁོས་འབྲེལ་ཡོད་ཕྱོགས་ཁག་སོ་སོའི་དབང་འཛིན་ལས་ཁུངས་ཀྱིས་ཝུའུ་ཁི་ལན་དུ་ཡོད་པའི་མི་ཚང་མའི་འགྲོ་མིའི་ཐོབ་ཐང་ལ་འགན་སྲུང་བྱས་ཤིང་། གྲངས་ཉུང་རིགས་རྒྱུད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པར་ལྷག་ཏུ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་ཝུན་གྱིས་བཤད་རྒྱུར། གནད་འགག་གི་སྐབས་འདིར་ང་ཚོས་བརྡར་གཅོད་ལ་ཕམ་ཉེས་བྱུང་བའི་མཇུག་འབྲས་ལ་འགན་ཁུར་དགོས་པ་དང་། ཆེས་གལ་ཆེ་བ་ནི་ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྩ་དོན་དང་ཞི་བའི་སྒོ་ནས་རྩོད་གླེང་ཐག་གཅོད་བྱེད་པ། ཝུའུ་ཁི་ལན་གྱི་མཐུན་སྒྲིལ་དང་། བདག་དབང་། མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་པའི་ཉམས་ཉེན་ཐག་གཅོད་བྱེད་ཐབས་ཤིག་འཚོལ་ཞིབ་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག