མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཱ་ལེ་ཞི་ཡཱའི་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་ཅུའུ་ཡིས་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུའི་སྔོག་བཤེར་ཤུགས་ཚད་ཇེ་ཆེར་གཏོང་རྒྱུའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-10 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལེ་ཞི་ཡཱའི་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་ཅུའུ་ཡི་སྤྱིའི་ལྟ་སྐུལ་བ་ཨེ་ཙི་ཧཱ་ཨར་ཏེན་གྱིས་ཚེས9ཉིན་གྱི་དགོང་མོར་ཅི་ལུང་ཕའོ་རྒྱལ་སྤྱིའི་གནམ་གྲུའི་ཐང་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། མིག་སྔར་མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟིའི་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུ་དེ་ད་རུང་རྙེད་མེད་པ་དང་། གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུའི་སྔོག་བཤེར་ཁྱབ་ཁོངས་དང་ཤུགས་ཚད་ཇེ་ཆེར་གཏོང་བཞིན་ཡོད་ཟེར།

ཨེ་ཙི་ཧཱ་ཨར་ཏེན་གྱིས་བཤད་རྒྱུར། མིག་སྔར་བྱ་བ་ཡོད་ཚད་ཀྱི་གཙོ་གནད་ནི་སྔར་བཞིན་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུ་སྔོག་བཤེར་བྱེད་རྒྱུ་དེ་ཡིན་པ་དང་། མཱ་ལེ་ཞི་ཡཱ་ཕྱོགས་ཀྱིས་གནམ་གྲུ་སོ་བཞི་དང་གྲུ་གཟིངས་བཞི་བཅུ་མངག་གཏོང་བྱས་ཏེ་རྒྱལ་ཁབ་གཞན་པ་དང་མཉམ་དུ་སྔོག་བཤེར་ལ་ཞུགས་ཡོད་ལ། སྔོག་བཤེར་ཁྱབ་ཁོངས་དེ་མཱ་ལིག་ཅཱ་མཚོ་འགག་གི་ཉེ་འདབས་ས་ཁུལ་དུ་རྒྱ་བསྐྱེད་ཡོད་ཟེར།

ཡོ་ནན་ཉེ་འདབས་ཀྱི་མཚོ་ཁོངས་ནས་ཆུ་ཁར་གཡེང་བའི་དངོས་རྫས་རྙེད་པར་བཤད་པའི་གནས་ཚུལ་ཐད་ནས་ཨེ་ཙི་ཧཱ་ཨར་ཏེན་གྱིས་བཤད་རྒྱུར། ཆུ་ཁར་གཡེང་བའི་དངོས་རྫས་དེ་དག་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུར་འབྲེལ་བ་མེད་པ་བདེན་དཔང་བྱས་ཡོད་ཟེར། ཨེ་ཙི་ཧཱ་ཨར་ཏེན་གྱིས་ད་རུང་བཤད་རྒྱུར། མཱ་ལེ་ཞི་ཡཱ་ཕྱོགས་ཀྱིས་མཱ་ལེ་ཞི་ཡཱའི་ཅི་ལན་ཏན་ཉེ་འདབས་ཀྱི་སྤྱི་ལེ་བརྒྱའི་མཚམས་སུ་རྙེད་པའི་ཆུ་ཁར་གཡེང་བའི་སྣུམ་ལ་ཞིབ་བཤེར་ཚད་ལེན་བྱེད་བཞིན་ཡོད་པ་དང་། མིག་སྔར་ད་རུང་ཆུ་ཁར་གཡེང་བའི་སྣུམ་དེ་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུ་ལས་བྱུང་བ་བདེན་དཔང་ཐོབ་མེད་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། མཱ་ལེ་ཞི་ཡཱའི་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་ཅུའུ་ཡིས་ཚེས་བཅུ་ཉིན་གྱི་ཉིན་གུང་དུས་ཚོད་བཅུ་གཉིས་ཡས་མས་སུ་ཅི་ལུང་ཕའོ་གནམ་གྲུ་ཐང་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྤེལ་རྒྱུ་རེད།

མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟིའིMH370རྟགས་ཅན་གྱི་ཅི་ལུང་ཕའོ་ནས་པེ་ཅིན་དུ་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་དེ་ཚེས་བརྒྱད་ཉིན་གྱི་ཞོགས་པའི་དུས་ཚོད་བཅུ་གཉིས་དང་སྐར་མ་ཞེ་གཅིག་སྟེང་ལམ་དུ་ཆས་པ་དང་། འཆར་གཞི་ལྟར་ན་ཉིན་དེའི་ཞོགས་པའི་དུས་ཚོད་དྲུག་དང་ཕྱེད་ཀའི་སྟེང་པེ་ཅིན་དུ་འབྱོར་ཐུབ། འགྲུལ་སྐྱེལ་གནམ་གྲུ་དེ་འཕུར་ནས་ཅང་མ་འགོར་བར་མཱ་ལེ་ཞི་ཡཱའི་སུའུ་པང་བར་སྣང་འགྲིམ་འགྲུལ་ཚོད་འཛིན་ལྟེ་གནས་བར་འབྲེལ་ཐག་ཆད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག