མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་དབྱིན་ཇི། འཇར་མན་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ཝུའུ་ཁི་ལན་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་འབད་བརྩོན་བྱེད་རྒྱུའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-10 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས9ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་དང་། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གཉིས་ལ་ཁ་པར་བཏང་སྟེ། ཝུའུ་ཁི་ལན་གྱི་རྙོག་འཛིང་ཆེ་བའི་སྤྱི་ཚོགས་དང་ཆབ་སྲིད་གནས་བབ་དང་། ཟླ་འདིའི་ཚེས16ཉིན་སྤེལ་རྒྱུ་ཐག་བཅད་ཡོད་པའི་ཝུའུ་ཁི་ལན་གྱི་ཁི་ལི་མུས་ཡཱ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཡོངས་ཀྱི་བརྡས་གཅོད་བྱ་འགུལ་བཅས་ལ་གྲོས་བསྡུར་བྱས།

ཝུའུ་ཁི་ལན་གྱི་གནས་བབ་ཐད་གདེང་འཇོག་མི་འདྲ་བ་ཡོད་ཀྱང་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པ་རྣམས་ཀྱིས་ཧུར་ཐག་སྒོས་ཝུའུ་ཁི་ལན་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ། རྒྱལ་ཁབ་དེའི་གནས་བབ་སྔ་མོ་ནས་རྒྱུན་ལྡན་ཅན་དུ་འགྱུར་བར་ཡར་སྐུལ་གཏོང་དགོས་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཁི་ལི་མུས་ཡཱའི་ཁྲིམས་མཐུན་དབང་འཛིན་ལས་ཁུངས་ཀྱིས་ལག་བསྟར་བྱས་པའི་བྱ་བའི་རིམ་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་གྱི་རྨང་གཞིའི་སྟེང་བཙུགས་ཡོད་པ་དང་། དམིགས་ཡུལ་ནི་ས་དེའི་སྡོད་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་རེད་ཟེར། ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ཐལ་སྤྱོད་མི་རིགས་རིང་ལུགས་ཀྱི་སྟོབས་ཤུགས་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་དང་ས་ཁུལ་གཞན་པར་ཁ་དར་ཡོད་ལ། ཝུའུ་ཁི་ལན་གྱི་སྲིད་དབང་གསར་བས་བྱེད་ཐབས་སྤྱད་དེ་དེར་བཀག་འགོག་བྱེད་ཀྱིན་མེད་ཟེར།

ཕྱོགས་གསུམ་གྱིས་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཇི་ལྟར་ཞི་འཇགས་སུ་གཏོང་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། མུ་མཐུད་དུ་ཕྱི་འབྲེལ་བློན་ཆེན་རིམ་པའི་གྲོས་མོལ་སོགས་འདུས་པའི་བྱ་བའི་འབྲེལ་འདྲིས་ཟབ་མོ་བྱེད་རྒྱུའི་ཚུལ་བསྟན།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་དགུའི་ཉིན་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་ལ་ཁ་པར་བཏང་སྟེ། ཝུའུ་ཁི་ལན་གྱི་གནས་བབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཇི་ལྟར་རྒྱལ་ཁབ་དེའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་བབ་རྒྱུན་ལྡན་ཅན་དུ་འགྱུར་བར་ཡར་སྐུལ་བྱེད་པར་གྲོས་བསྡུར་བྱས།

ཝུའུ་ཁི་ལན་གྱི་ཁི་ལི་མུས་ཡཱ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཁང་གིས་ཚེས6ཉིན་གྲོས་ཆོད་བཀོད་དེ། ཁི་ལི་མུས་ཡཱ་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས་པ་དང་། ཞོར་དུ་སྤྱི་མཐུན་རྒྱལ་ཁབ་དེའི་གོ་གནས་ལ་འབྲེལ་བའི་དམངས་ཡོངས་ཀྱི་བརྡས་གཅོད་བྱ་འགུལ་དེ་ཟླ་འདིའི་ཚེས་སུམ་ཅུའི་ཉིན་ནས་ཚེས་བཅུ་དྲུག་ཉིན་སྔོན་དུ་སྣུར་རྒྱུ་ཐག་བཅད། ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་ཝུའུ་ཁི་ལན་གྱི་གནས་བབ་སྔར་ལས་ཚབས་ཆེན་དུ་གྱུར་བའི་ཚུན་ལ། ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱི་བརྡས་གཅོད་དེ་ཝུའུ་ཁི་ལན་ཉམས་ཉེན་གྱི་གནད་དོན་གསར་བ་ཞིག་ཏུ་གྱུར་བ་རེད།

གཞན་ཡང་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་རྒྱལ་སྲུང་བློན་ཆེན་ཚབ་མ་ཅེ་ཉིག་ཁི་ཡིས་ཚེས9ཡི་ཉིན་སྲིད་གཞུང་གི་གྲོས་ཚོགས་སྟེང་བསྟན་དོན། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ལ་ད་ལྟའི་བར་ཁི་ལི་མུས་ཡཱ་རུ་དམག་དཔུང་མངག་གཏོང་བྱེད་པའི་འཆར་གཞི་མེད་པ་དང་། མིག་སྔར་ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གིས་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་ཏེ་འཐབ་འཛིང་ནུས་པར་ཞིབ་བཤེར་བྱེད་བཞིན་ཡོད། དེ་བས་དམག་དོན་སྦྱོང་བརྡར་གྱི་ལས་འགན་ཡོངས་འགྲུབ་བྱེད་ཆེད། དམག་དཔུང་ག་གེ་མོ་དུས་རྒྱུན་བཅའ་སྡོད་བྱེད་ས་དང་ཁ་འབྲལ་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག