མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོ་དང་ཨ་མེ་རི་ཁས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁྲའོ་ཞན་གྱིས་འཕུར་མདའ་གཏོང་འཕེན་བྱས་པར་བཀག་སྡོམ་བྱེད་དགོས་པའི་རེ་བ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-09 11:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་མི་སྣས་ཚེས6ཉིན་བཤད་རྒྱུར། ཧན་གོ་དང་ཨ་མེ་རི་ཁས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁྲའོ་ཞན་བཀག་སྡོམ་ཨུ་ཡོན་ལྷན་ཁང་ལ་བསམ་འཆར་ཡི་གེ་སྤྲད་དེ། ཁྲའོ་ཞན་གྱིས་ཉེ་སྔོན་བསྟུན་མར་ཐེངས་གཉིས་ལ་འཕེན་ཚད་ཐུང་བའི་འཕུར་མདའ་གཏོང་འཕེན་བྱས་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲའོ་ཞན་ལ་བཀག་སྡོམ་བྱེད་པའི་གྲོས་ཆོད་དང་འགལ་ཡོད་པར་སྐྱོན་འཛུགས་བྱས་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དོན་དེའི་ཐད་བྱེད་ཐབས་སྤྱོད་དགོས་པའི་རེ་བ་བཏོན།

འབྲེལ་ཡོད་མི་སྣས་བསྟན་དོན། ཧན་གོ་དང་ཨ་མེ་རི་ཁ་ལས་གཞན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་རྒྱལ་ཁབ་གཞན་པས་ཀྱང་ཁྲའོ་ཞན་གྱི་ཐེངས་འདིར་འཕུར་མདའ་གཏོང་འཕེན་བྱས་པ་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དང་འགལ་ཡོད་མེད་ལ་གྲོས་བསྡུར་བྱེད་དགོས་པའི་རེ་བ་བཏོན། ཁྲའོ་ཞན་བཀག་སྡོམ་ཨུ་ཡོན་ལྷན་ཁང་གིས་ལས་འཛིན་རྒྱལ་ཁབ་སོ་སོའི་བསམ་འཆར་ལ་གཞིགས་ཏེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཕྱོགས་ནས་བྱེད་ཐབས་སྤྱོད་མིན་ཐག་གཅོད་བྱེད་རྒྱུ་རེད།

ཡིན་ན་ཡང་ཁྲའོ་ཞན་ཕྱོགས་ཀྱིས་འཕུར་མདའ་གཏོང་འཕེན་བྱས་པ་ཁས་ལེན་མ་བྱས། ཟླ3པའི་ཚེས5ཉིན་ཁྲའོ་ཞན་མི་དམངས་དམག་དཔུང་གི་མགྲིན་ཚབ་པས་ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། འཐབ་ཇུས་དམག་དཔུང་གིས་ཉེ་སྔོན་མེ་ཤུགས་འཕུར་མདའི་གཏོང་འཕེན་སྦྱོང་བརྡར་བྱས་ཀྱང་། ཨ་མེ་རི་ཁ་སོགས་ཀྱིས་དོན་དེར་དམིགས་ནས་གང་འདོད་དུ་འུད་བརྗོད་བྱེད་མི་རུང་ལ། གཏོང་འཕེན་སྦྱོང་བརྡར་བྱས་པ་དེས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས། ཐ་ན་རྒྱལ་སྤྱིའི་མཁའ་འགྲུལ་སྒྲིག་ལམ། སྐྱེ་ཁམས་ཁོར་ཡུག་སོགས་ལ་ཤུགས་རྐྱེན་ཅི་ཡང་ཐེབས་མེད་ཟེར། ཁྲའོ་ཞན་ཕྱོགས་ཀྱི་མགྲིན་ཚབ་པས་བཤད་རྒྱུར། ཨ་མེ་རི་ཁ་དང་དེའི་རྗེས་འཇུག་སྟོབས་ཤུགས་ཀྱིས་ཁྲའོ་ཞན་གྱིས་གཏོང་འཕེན་སྦྱོང་བརྡར་བྱས་པར་ཁ་གཡར་ནས་གནས་བབ་སྔར་ལས་ཛ་དྲག་ཏུ་གཏོང་མི་རུང་ཟེར། མགྲིན་ཚབ་པ་དེས་ཨ་མེ་རི་ཁས་མཉམ་འབྲེལ་གྱི་དམག་དོན་སྦྱོང་བརྡར་ལ་བརྟེན་ནས་ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་ལེགས་བཅོས་བྱེད་པར་བཀག་རྒྱ་བཟོས་ཏེ་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་སྔར་ལས་ཛ་དྲག་ཏུ་གཏོང་རྩིས་བྱས་པར་སྐྱོན་བརྗོད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག