མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སྲིད་གཞུང་ལས་དོན་སྙན་ཞུའི་ནང་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་འཛུགས་པ་དང། རེས་འཁོར་གསར་པའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་དགོས་ཞེས་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-09 11:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་སྲིད་གཞུང་ལས་དོན་སྙན་ཞུ་གནང་སྐབས། ད་ལོ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་གསར་པ་གཏོད་རྒྱུ་དང་། སྒོ་དབྱེའི་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་གཏོད་དེ་རེས་འཁོར་གསར་པའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་བརྒྱུད་བང་རིམ་ཟབ་པའི་བསྒྱུར་བཅོས་དང་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་འགྲན་རྩོད་ཀྱི་བཟང་ཆ་གསར་པ་གསོ་སྐྱོང་བྱེད་མགྱོགས་སུ་གཏོང་དགོས།

ཁྱོན་ཡོངས་ནས་རང་འགུལ་གྱིས་སྒོ་དབྱེ་བྱེད་རྒྱུ་རྒྱ་ཆེར་གཏོང་བ་དང་། དགེ་མཚན་ལྡན་པ་དང་ཕན་ནུས་ལྡན་པའི་སྒོ་ནས་ཕྱི་ཕྱོགས་མ་རྩ་བེད་སྤྱོད་བྱེད་པ། ཞབས་ཞུའི་ལས་རིགས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཕྱི་ནང་མ་རྩའི་ཁེ་ལས་ལ་མཐོང་ཆེ་མཉམ་བྱེད་པ་དང་། གཞུང་དྲང་འགྲན་རྩོད་བྱེད་པའི་ཚོང་གཉེར་ཁོར་ཡུག་སྐྲུན་ཏེ། ཀྲུང་གོ་དེ་མུ་མཐུད་ཕྱི་རྒྱལ་ཚོང་པའི་མ་འཇོག་བྱེད་ཡུལ་ཨང་དང་པོར་འགྱུར་བ་བྱེད་དགོས། ཀྲུང་གོའི་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འཛུགས་སྐྲུན་ཡག་པོ་དང་དོ་དམ་ཡག་པོ་བྱས་ཏེ། ལད་མོ་བྱས་ཆོག་པ་དང་ཁྱབ་གདལ་བཏང་ཆོག་པའི་སྒྲིག་གཞི་དང་ལམ་ལུགས་ཆགས་པ་བྱེད་རྒྱུ་མ་ཟད་ཚོད་ལྟའི་ཁུལ་གསར་པ་རེ་གཉིས་འཛུགས་དགོས། ནང་ལོགས་སྐམ་སའི་མཐའ་ཁུལ་གྱི་སྒོ་དབྱེ་རྒྱ་ཆེར་བཏང་སྟེ་གཞི་རྒྱ་ཆེ་བའི་ས་གཞི་ཆེན་མོ་དེ་ཕྱི་ཕྱོགས་སྒོ་དབྱེའི་ས་ཆ་ཞིག་ཏུ་འགྱུར་བ་བྱེད་དགོས།

འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཕྱིར་གཏོང་རིམ་སྤར་དང་ཉོ་ཚོང་དོ་མཉམ་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། ད་ལོ་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྔོན་དཔག་ལས7.5%ཡི་གཡས་གཡོན་འཕར་བ་བྱེད་རྒྱུ་དང་། ཕྱིར་གཏོང་སྲིད་ཇུས་བརྟན་པོ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འགག་སྒོ་གྲོལ་རྒྱུ་སྟབས་བདེ་ཅན་དུ་གཏོང་བའི་བསྒྱུར་བཅོས་མགྱོགས་སུ་གཏོང་བ། ས་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་ཚོད་ལྟ་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་། དུས་རབས21པའི་མཚོ་ཐོག་དར་གོས་ལམ་བུ་འཆར་འགོད་དང་འཛུགས་སྐྲུན་བྱེད་པ་དང་། བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་དང་། ཀྲུང་གོ་དང་པ་ཀི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་གལ་ཆེའི་ཀ་རྟེན་རྣམ་གྲངས་ཁག་ཅིག་འདོན་དགོས་པ་དང་། རྨང་གཞིའི་སྒྲིག་གཞིའི་ཤར་གཏོང་མགྱོགས་སུ་བཏང་སྟེ་རྒྱལ་སྤྱིའི་དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱི་བར་ཁམས་གསར་པ་གཏོད་དགོས།

ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་ཀྲུང་གོ་དང་ཨ་རི་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་གྲོས་ཆོད་ཀྱི་དབྱེ་འབྱེད་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་། ལྷོ་ཁོ་རེ་ཡ་དང་། ཨོ་སོ་ཁྲུ་ལི་ཡ། མཚོ་ཁུག་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་ཀྱི་རང་མོས་ཉོ་ཚོང་ཁུལ་གྱི་དབྱེ་འབྱེད་གྲོས་མོལ་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་རྒྱུན་འཁྱོངས་བཏང་སྟེ། རྒྱལ་ཁབ་ཁག་དང་གཉིས་ཕན་མཉམ་རྒྱལ་ཡོང་བ་བྱེད་དགོས་པ་དང་། ཕྱི་ཕྱོགས་སྒོ་དབྱེ་དང་བསྒྱུར་བཅོས་གོང་འཕེལ་བར་སྐུལ་སྤེལ་གཏོང་རེས་ཡག་པོ་བྱེད་པའི་རྣམ་པ་གསར་པ་ཆག་པ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག