མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ནུབ་ཕྱོགས་དམག་ཁུལ་གྱིས་གཞི་རྒྱ་ཆེ་བའི་མཁའ་སྲུང་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-07 11:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ནུབ་ཕྱོགས་དམག་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་ཁི་ཆེ་ཐི་ཁི་ཧྥུའུ་ཡིས་ཚེས6ཉིན་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨུ་རུ་སིའི་ནུབ་ཕྱོགས་དམག་ཁུལ་གྱིས་ཉིན་དེ་ནས་བཟུང་ཨུ་རུ་སིའི་ལྷོ་ནུབ་ས་ཁུལ་ནས་མཁའ་སྲུང་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་མགོ་བརྩམས། དེ་ནི་དམག་ཁུལ་དེའི་གཞི་རྒྱ་ཆེས་ཆེ་བའི་མཁའ་སྲུང་དམག་དོན་སྦྱོང་བརྡར་ཞིག་རེད་ཟེར།

ཁི་ཆེ་ཐི་ཁི་ཧྥུའུ་ཡིས་བཤད་རྒྱུར། སྦྱོང་བརྡར་བྱ་འགུལ་སྤེལ་ས་ནི་ཨུ་རུ་སིའི་ལྷོ་ནུབ་ཕྱོགས་ཀྱི་ལི་ཧེ་དང་ཉེ་བའི་ཨ་སི་ཐི་ལཱ་ཧན་ཀྲིག་གི་ཁཱ་ཕུའུ་སི་ཅིན་ཡཱ་ཨར་འབེན་ར་ཡིན་པ་དང་། ཐེངས་འདིའི་སྦྱོང་བརྡར་ནས་ཐོག་དང་པོར་ནུབ་ཕྱོགས་དམག་ཁུལ་གྱི་མཁའ་སྲུང་སྟོབས་ཤུགས་ཚང་མ་གནས་གཅིག་ཏུ་བསྡུས་པར་མ་ཟད། ཨུ་རུ་སིའི་བྱང་ཕྱོགས་གྲུ་གཟིངས་རུ་ཁག་གི་མཁའ་སྲུང་དམག་དཔུང་ཡང་སྦྱོང་བརྡར་ལ་ཞུགས་ཡོད་ཟེར།

ཁི་ཆེ་ཐི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཐེངས་འདིའི་མཁའ་སྲུང་དམག་དོན་སྦྱོང་བརྡར་ལ་བསྡོམས་པས་མི་སྟོང་གསུམ་དང་ལྔ་བརྒྱ་ཞུགས་རྒྱུ་ཡིན་པ་དང་། མཁའ་སྲུང་འཕུར་མདའི་མ་ལག་སོགས་འདུས་པའི་མཚོན་ཆ་སྟོང་ཕྲག་ལྷག་བཀོལ་སྤྱོད་བྱེད་རྒྱུ་རེད། སྦྱོང་བརྡར་གྱི་ནང་དོན་ལ་དགྲ་བོས་ཨུ་རུ་སིའི་དམག་དོན་སྒྲིག་ཆས་དང་རྨང་གཞིའི་སྒྲིག་ཆས་གཙོ་བོར་བར་སྣང་འཇབ་རྒོལ་བྱེད་པར་རྒོལ་ལན་སྤྲོད་པ་སོགས་འདུས་ཟེར།

ཁི་ཆེ་ཐི་ཁི་ཧྥུའུ་ཡིས་ཐེངས་འདིའི་མཁའ་སྲུང་དམག་དོན་སྦྱོང་བརྡར་དེ་དུས་ནམ་ཞིག་ལ་མཇུག་སྒྲིལ་རྒྱུ་ཡིན་པ་གསལ་བོར་བཤད་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག