མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁི་ལི་མུས་ཡཱའི་གྲོས་ཁང་གིས་ཨུ་རུ་སིའི་རྒྱལ་ཕྲན་ནང་ཞུགས་པའི་གྲོས་ཆོད་བཀོད་པ་དང་ཝུའུ་ཁི་ལན་གྱིས་ཁས་ལེན་མ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-07 11:37

ཞིན་ཧྭ་གསར་འགྱུར་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཁི་ལི་མུས་ཡཱ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཁང་གིས་ཚེས6ཉིན་གྲོས་ཆོད་བཀོད་དེ། ཁི་ལི་མུས་ཡཱ་དེ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཐོབ་ཐང་གིས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་རྒྱུ་ཐག་བཅད། ཝུའུ་ཁི་ལན་གྱི་ད་ལྟའི་དབང་འཛིན་ལས་ཁུངས་ཀྱིས་དེར་ཁས་ལེན་མ་བྱས་པ་དང་། གྲོས་ཆོད་དེ་ནི་བཙན་སྐུལ་འོག་གཞན་དབང་གིས་བཏོན་པ་རེད་ཟེར།

བསྒྲགས་པ་ལྟར་ན། ཉིན་དེར་བསྡོམས་པས་གྲོས་མི་གྱ་དྲུག་ཁི་ལི་མུས་ཡཱའི་གྲོས་ཁང་གི་གྲོས་ཚོགས་ལ་ཞུགས་པ་དང་། མཇུག་མཐར་གྲོས་ཁང་གིས་འདེམ་ཤོག་དོན་བརྒྱད་འཐད་པ་བྱུང་བའི་མཇུག་འབྲས་ཀྱིས་གྲོས་ཆོད་དེར་གྲོས་མཐུན་བཀོད་དེ། ཁི་ལི་མུས་ཡཱ་དེ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཐོབ་ཐང་གིས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་རྒྱུ་ཐག་བཅད་ཟེར།

ཁི་ལི་མུས་ཡཱའི་གྲོས་ཁང་གིས་ད་རུང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨུ་རུ་སིའི་གྲོས་ཁང་ལ་ཁི་ལི་མུས་ཡཱ་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་པའི་རེ་ཞུ་སྤྲད་པར་མ་ཟད། ཨུ་རུ་སིའི་ཕྱོགས་ཀྱིས་འབྲེལ་ཡོད་ཀྱི་བྱ་བ་མགོ་རྩོམ་དགོས་པའི་གྲོས་གཞི་བཏོན།

ཁི་ལི་མུའུ་ལིན་ཕོ་བྲང་གི་མགྲིན་ཚབ་པ་ཞིག་གིས་བསྟན་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། ཝུའུ་ཁི་ལན་གྱི་མིག་སྔའི་གནས་བབ་དང་ཁི་ལི་མུས་ཡཱའི་གྲོས་ཁང་གིས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་པའི་གྲོས་ཆོད་བཀོད་པའི་ཐག་གཅོད་བྱེད་ཐབས་ལ་བསམ་བློ་བཏང་ཟེར། ཡིན་ན་ཡང་གྲོས་ཚོགས་དེའི་བྱེ་བྲག་གི་ནང་དོན་གསལ་བོར་བསྒྲགས་མེད་ལ། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཀྱང་ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱི་བརྡས་གཅོད་གནད་དོན་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།

ཨུ་རུ་སིའི་གྲོས་ཁང་གི་མགྲིན་ཚབ་པས་ཨུ་རུ་སིའི་གྲོས་ཁང་གིས་གཟའ་འཁོར་རྗེས་མར་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ལ་གྲོས་ཞིབ་བྱེད་རྩིས་ཡོད་ཟེར་ཡང་། ཨུ་རུ་སིའི་གྲོས་ཁང་གོང་ཞོལ་གཉིས་ཀྱི་གྲོས་མིས་བསྟན་དོན། ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱི་བརྡས་གཅོད་མཇུག་མ་སྒྲིལ་གོང་ཁི་ལི་མུས་ཡཱའི་གནད་དོན་ཐད་ཀྱི་ལངས་ཕྱོགས་གསལ་བོ་བྱེད་མི་སྲིད་ཟེར།

ཁི་ལི་མུས་ཡཱའི་གྲོས་ཁང་གིས་ཉིན་དེར་སྤྱི་མཐུན་རྒྱལ་ཁབ་དེའི་གོ་གནས་ལ་འབྲེལ་བའི་ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱི་བརྡས་གཅོད་དེ་ཟླ་འདིའི་ཚེས་སུམ་ཅུའི་ཉིན་ནས་ཚེས་བཅུ་དྲུག་ལ་སྔོན་དུ་སྣུར་རྒྱུ་ཐག་བཅད།

ཉིན་དེར་ཁི་ལི་མུས་ཡཱའི་གྲོས་ཁང་ཕྱི་རོལ་དུ་མང་ཚོགས་བརྒྱ་ཕྲག་ལྷག་གིས་འདུ་ཚོགས་བསྡུས་ཏེ། ཁི་ལི་མུས་ཡཱའི་ད་ལྟའི་གྲོས་ཁང་དང་སྲིད་གཞུང་གི་ཆོད་དོན་ལ་རྒྱབ་སྐྱོར་བྱེད་པ་དང་། དེའི་སྔོན་ཝུའུ་ཁི་ལན་ཁྲིམས་ཁང་གིས་ཁི་ལི་མུས་ཡཱའི་ཙུང་ལི་དང་གྲོས་དཔོན་འཛིན་བཟུང་བྱེད་པའི་གྲོས་ཆོད་བཏོན་པར་ངོ་རྒོལ་བྱས།

གཞན་ཡང་ཝུའུ་ཁི་ལན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་གི་ལས་འགན་ལག་བསྟར་བྱེད་པའི་གྲོས་དཔོན་ཐུའུ་ཨར་ཆི་ནོའུ་ཧྥུའུ་ཡིས་ཉིན་དེར་བསྟན་དོན། ད་ལྟའི་ཁི་ལི་མུས་ཡཱའི་སྲིད་དབང་ཁྲིམས་མཐུན་མིན་པ་དང་། ཆོད་དོན་དེ་ནི་བཙན་སྐུལ་འོག་གཞན་དབང་གིས་བཏོན་པ་རེད་ཟེར།

ཐུའུ་ཨར་ཆི་ནོའུ་ཧྥུའུ་ཡིས་བསྟན་དོན། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན་ཁི་ལི་མུས་ཡཱ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིའི་འདེམ་སྒུག་མི་སྣ་དེ་ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་འདོན་དགོས་ཟེར།

ཝུའུ་ཁི་ལན་གྱི་ཁྲིམས་འཛིན་དཔོན་པོས་བསྟན་དོན། ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱི་བརྡས་གཅོད་དེ་ཁྲིམས་དང་མི་མཐུན་པ་དང་། ཝུའུ་ཁི་ལན་གྱི་མངའ་ཁོངས་དང་བདག་དབང་ཆ་ཚང་ཡོང་བར་འབྲེལ་བའི་གནད་དོན་དེ་ས་གནས་ཀྱིས་བརྡས་གཅོད་བྱེད་མི་རུང་ལ། ཝུའུ་ཁི་ལན་གྱི་མང་ཚོགས་ཚང་མས་བརྡས་གཅོད་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག