མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་བློ་འདོན་པ་སེ་ལི་ཁི་ལི་མུས་ཡཱ་རུ་འབྱོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-05 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་ཚེས4ཡི་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མཐོ་རིམ་བློ་འདོན་པ་སེ་ལི་ཉིན་དེར་ཝུའུ་ཁི་ལན་གྱི་ཁི་ལི་མུས་ཡཱ་རུ་འབྱོར་བ་དང་། ས་དེའི་གནས་བབ་ལ་དཔྱད་འཇོག་བྱེད་རྒྱུ་རེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ནེ་ཞི་ཨར་ཅི་ཡིས་ཉིན་དེའི་ཉིན་གུང་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་རུ་འཚམས་འདྲི་བྱེད་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཨེ་ལེ་ཡཱ་སུང་གིས་ཅི་ཧྥུའུ་ནས་ཁི་ལི་མུས་ཡཱ་རུ་སོང་ནས་ས་དེའི་གནས་བབ་ལ་རྒྱུས་ལོན་དང་དཔྱད་འཇོག་བྱེད་རྒྱུའི་རེ་བ་བཏོན་ཡོད་ཟེར། མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་ཉིན་དེའི་ཕྱི་དྲོར་བདེན་དཔང་བྱས་དོན། སེ་ལི་ཁི་ལི་མུས་ཡཱ་རུ་འབྱོར་ཡོད་ཟེར།

ནེ་ཞི་ཨར་ཅི་ཡིས་བཤད་རྒྱུར། ཨེ་ལེ་ཡཱ་སུང་གིས་ཚེས་བཞིའི་ཉིན་ཝུའུ་ཁི་ལན་གྱི་ཙུང་ཐུང་གི་འགན་འཁྲི་ལག་བསྟར་བྱེད་པའི་གྲོས་དཔོན་ཐུའུ་ཨར་ཆི་ནོའུ་ཧྥུའུ་དང་། ཝུའུ་ཁི་ལན་གྱི་ཙུང་ལི་ཡཱ་ཚེ་ཉིག་ཁི། ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཚབ་མ་ཅེ་ཞེ་ཁྲ་སོགས་དང་གྲོས་མོལ་བྱས། གྲོས་མོལ་བྱེད་སྐབས་ཨེ་ལེ་ཡཱ་སུང་གིས་ཕྱི་འབྲེལ་དང་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་མིག་སྔའི་ཉམས་ཉེན་ཐག་གཅོད་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པར་མ་ཟད། ངེས་པར་དུ་ཝུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་ཁག་ཐེག་བྱེད་དགོས་ཟེར། ཨེ་ལེ་ཡཱ་སུང་གིས་ཚེས་ལྔ་ཉིན་མུ་མཐུད་དུ་ཝུའུ་ཁི་ལན་ལ་འཚམས་འདྲི་བྱེད་རྒྱུ་རེད།

ཝུའུ་ཁི་ལན་གྱི་ཡུལ་གྱར་བར་འབྲེལ་བའི་དྲི་བར་དམིགས་ཏེ་ནེ་ཞི་ཨར་ཅི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་མཐོ་རིམ་ཆེད་དོན་ཁང་གིས་མིག་སྔར་ད་རུང་ཝུའུ་ཁི་ལན་དང་དེའི་ཉེ་འཁོར་ས་ཁུལ་ནས་རྒྱུན་ལྡན་མིན་པའི་སྣང་ཚུལ་མཐོང་མེད་པས། ཡུལ་གྱར་བ་མང་བོ་ཝུའུ་ཁི་ལན་ནས་ཨུ་རུ་སིའི་མངའ་ཁོངས་སུ་འགྲོ་བཞིན་པའི་གནས་ཚུལ་དེ་བདེན་དཔང་བྱེད་ཐབས་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག