མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱི་ཙུང་ལི་ཡིས་ཝུའུ་ཁི་ལན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་པུའུ་ཀྲང་རིམ་པའི་གྲོས་མོལ་བྱེད་མགོ་བརྩམས་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-05 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ལི་ཡཱ་ཚེ་ཉིག་ཁི་ཡིས་ཚེས4ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཝུའུ་ཁི་ལན་དང་ཨུ་རུ་སིའི་པུའུ་ཀྲང་རིམ་པའི་གྲོས་མོལ་མགོ་བརྩམས་ཡོད་ཟེར།

ཡཱ་ཚེ་ཉིག་ཁི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་དང་ཨུ་རུ་སིའི་པུའུ་ཀྲང་རིམ་པའི་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཞིག་ལོན་དཀའ་ཡང་གོམ་པ་དང་པོ་སྤོས་ཡོད་ཟེར། ཁོས་ཡང་བསྐྱར་ཨུ་རུ་སི་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་གྱི་མངའ་ཁོངས་ནས་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། མཚོ་ནག་གྲུ་གཟིངས་རུ་ཁག་གིས་ཝུའུ་ཁི་ལན་གྱི་ཁི་ལི་མུས་ཡཱའི་བཅའ་སྡོད་གྲོས་མཐུན་ལག་བསྟར་བྱེད་དགོས་ཟེར།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་ཝུའུ་ཁི་ལན་དུ་རྩ་ཁྲིམས་དང་འགལ་བའི་སྲིད་འགྱུར་དང་དྲག་ཤུགས་ལ་བརྟེན་པའི་དབང་ཆའི་འཕྲོག་རྩོད་ཀྱི་སྣང་ཚུལ་འབྱུང་བཞིན་ཡོད་པར་བཤད་པ་དེར་དམིགས་ཏེ་ཡཱ་ཚེ་ཉིག་ཁི་ཡིས་བཤད་རྒྱུར། ཟླ2པའི་ཚེས2ཉིན་བཀོད་པའི་ཉམས་ཉེན་ཐག་གཅོད་གྲོས་མཐུན་གྱི་དོན་ཚན་ཚང་མ་ད་ལྟའི་བར་ལག་བསྟར་བྱེད་བཞིན་ཡོད་པ་དང་། ཝུའུ་ཁི་ལན་སྲིད་གཞུང་ནི་གྲོས་མཐུན་དེའི་གཏན་འཁེལ་ལྟར་རྩ་འཛུགས་བྱས་པ་ཡིན་ཟེར།

ཕུའུ་ཅིན་གྱིས་ཚེས4ཉིན་མའོ་སི་ཁིའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཝུའུ་ཁི་ལན་དུ་རྩ་ཁྲིམས་དང་འགལ་བའི་སྲིད་འགྱུར་དང་དྲག་ཤུགས་ལ་བརྟེན་པའི་དབང་ཆའི་འཕྲོག་རྩོད་ཀྱི་སྣང་ཚུལ་འབྱུང་བཞིན་ཡོད་པ་དང་། ཡཱ་ནོའུ་ཁི་ཝེ་ཆི་ཡིས་ངོ་རྒོལ་ཕྱོགས་ཁག་གི་རེ་བར་ཡིད་འཐད་བྱུང་ནས་དབང་ཤུགས་བསྐྱུར་བར་ཁས་ལེན་བྱས་ཡོད། ཁོ་ནི་ཝུའུ་ཁི་ལན་གྱི་ཁྲིམས་དང་མཐུན་པའི་ཙུང་ཐུང་ཡིན་པ་བསྙོན་མེད་ཡིན་ལ། ཅི་ཧྥུའུ་ཡི་ད་ལྟའི་སྲིད་དབང་གིས་མི་དམངས་ཀྱི་ཚབ་བྱས་ཏེ་ཝུའུ་ཁི་ལན་གྱི་མ་འོངས་ཐག་གཅོད་བྱེད་པའི་དབང་ཆ་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག