མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཐའོ་ཡཱ་དང་ལི་ཙེམ་པོག་གི་མགོ་ཁྲིད་པས་རྒྱལ་ཁབ་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-04 11:11

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕུའུ་ཐའོ་ཡཱའི་ཙུང་ལི་ཁི་ཨེ་ལོས་ཀྱིས་ཚེས3ཉིན་རྒྱལ་ས་ལི་སི་པིན་ནས་འཚམས་འདྲིར་ཡོང་བའི་ལུ་ཙེམ་པོག་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་པེ་ཐི་ཨར་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཁི་ཨེ་ལོས་ཀྱིས་བཤད་རྒྱུར། ཕུའུ་ཐའོ་ཡཱ་དང་ལུ་ཙེམ་པོག་བར་གྱི་འབྲེལ་བ་ཧ་ཅང་ཟབ་པ་དང་། ཕུའུ་ཐའོ་ཡཱ་རྒྱལ་ཁབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར། པེ་ཐི་ཨར་གྱིས་བཤད་རྒྱུར། ལུ་ཙེམ་པོག་དང་ཕུའུ་ཐའོ་ཡཱ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་རྒྱུན་རིང་ཞིང་འབྲེལ་བ་ཧ་ཅང་དམིགས་བསལ་ཡིན། ལུ་ཙེམ་པོག་གིས་ཕུའུ་ཐའོ་ཡཱ་དང་མཉམ་དུ་ཕན་ཚུན་བར་གྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། གཉིས་ཕན་གཉིས་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱི་མགོ་ཁྲིད་པས་ད་རུང་མིག་སྔའི་བུའུ་ཁི་ལན་གྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཁི་ཨེ་ལོས་ཀྱིས་བཤད་རྒྱུར། བུའུ་ཁི་ལན་གྱི་གནས་བབ་དེས་ས་ཁུལ་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་ཤུགས་རྐྱེན་ཆེན་པོ་བཟོས་པ་དང་། ཕུའུ་ཐའོ་ཡཱ་རྒྱལ་ཁབ་ཀྱིས་འབྲེལ་ཡོད་ཕྱོགས་སོ་སོས་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས་ཏེ་བུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པའི་འབོད་སྐུལ་གཏོང་བཞིན་ཡོད་ཟེར། པེ་ཐི་ཨར་གྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བུའུ་ཁི་ལན་གྱི་འདེམ་བསྐོའི་མངོན་གསལ་དང་དམངས་གཙོའི་རང་བཞིན་ལ་ཁག་ཐེག་བྱས་ཏེ་བུའུ་ཁི་ལན་གྱི་མི་དམངས་ལ་རྒྱལ་ཁབ་ཀྱི་མ་འོངས་པ་གདམ་གསེས་བྱེད་དུ་འཇུག་དགོས་ཟེར།

པེ་ཐི་ཨར་ཚེས་གཉིས་ཉིན་ལི་སི་པིན་དུ་འབྱོར་བ་དང་། དེ་ནི་ཁོས་ན་ནིང་ཟླ་བཅུ་གཉིས་པར་ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་ཕུའུ་ཐའོ་ཡཱ་རུ་འཚམས་འདྲི་བྱས་པ་རེད། འཚམས་འདྲི་བྱེད་སྐབས་ཁོས་ད་རུང་སོ་སོར་ཕུའུ་ཐའོ་ཡཱའི་ཙུང་ཐུང་ཞེ་ཨར་ཝ་དང་གྲོས་དཔོན་ཨེ་སི་ཐི་ཝེ་སི་གཉིས་དང་གྲོས་མོལ་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག