མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་གྲོས་མོལ་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-04 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ནེ་ཞི་ཨར་ཅི་ཡིས་ཚེས3ཉིན་བཤད་རྒྱུར། དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཉིན་དེར་སུའེ་ཙེར་གྱི་རི་ནེ་ཝ་ནས་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱས་ཏེ། ཝུའུ་ཁི་ལན་གྱི་ཉམས་ཉེན་དང་གྲུབ་འབྲས་ལྡན་པའི་གྲོས་མོལ་ལ་བརྟེན་ནས་གནས་བབ་ཞི་འཇགས་སུ་གཏོང་བའི་གལ་ཆེན་རང་བཞིན་ཐད་ནས་གྲོས་བསྡུར་བྱས།

ནེ་ཞི་ཨར་ཅི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་བསྡུས་པའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་མོལ་བྱེད་སྐབས། ཕན་ཅི་ཝུན་གྱིས་ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བའི་གཏམ་སྤྱོད་གང་རུང་བསྐྱུར་ནས། ཝུའུ་ཁི་ལན་བར་ཞི་བའི་སྒོ་ནས་འབྲེལ་འདྲིས་བྱེད་པར་ཡར་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་། ཕན་ཅི་ཝུན་གྱིས་ཨུ་རུ་སིའི་དཔོན་རིགས་ལ་ཁོས་ནམ་ཡང་གནས་བབ་ཞི་འཇགས་སུ་གཏོང་བ་དང་ཅི་ཧྥུའུ་ཕྱོགས་ཀྱི་དཔོན་རིགས་དང་མཉམ་དུ་གྲུབ་འབྲས་ལྡན་པའི་གྲོས་མོལ་བྱེད་དགོས་པའི་རེ་བ་འདོན་བཞིན་ཡོད་ཟེར།

ནེ་ཞི་ཨར་ཅི་ཡིས་ད་རུང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཨེ་ལེ་ཡཱ་སུང་ཚེས3ཉིན་ཅི་ཧྥུའུ་རུ་འབྱོར་བ་དང་། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་དེའི་བྱ་བའི་རུ་ཁག་གི་གནས་ཚུལ་སྙན་ཞུ་ལ་ཉན་པར་མ་ཟད། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ས་དེར་ཡོད་པའི་འཐུས་མི་ལ་གྲོས་མོལ་བྱས། ཨེ་ལེ་ཡཱ་སུང་གིས་ཚེས་བཞི་ཉིན་ཝུའུ་ཁི་ལན་གྱི་ཙུང་ཐུང་གི་འགན་འཁྲི་ལག་བསྟར་བྱེད་བཞིན་པའི་གྲོས་དཔོན་ཐུའུ་ཨར་ཆི་ནོའུ་ཧྥུའུ་དང་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཚབ་མ་སོགས་དང་ཞིབ་ཏུ་གྲོས་མོལ་བྱེད་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག