མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ལས་འཛིན་ལྷན་ཚོགས་དང་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་ཨུ་རུ་སིའི་ཕྱོགས་ཀྱིས་ཛ་དྲག་གི་གནས་བབ་སྔར་ལས་ཚབས་ཆེན་དུ་གཏོང་མི་རུང་བའི་སྐུལ་མ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-03 15:43

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཐབས་ཇུས་ལས་ཁུངས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས2ཉིན་གྲོས་ཚོགས་བསྡུས་ཏེ་བུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། གྲོས་ཚོགས་གྲོལ་རྗེས་བྱང་ཆིངས་རྩ་འཛུགས་ལས་འཛིན་ལྷན་ཚོགས་དང་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཛ་དྲག་གི་གནས་བབ་སྔར་ལས་ཚབས་ཆེན་དུ་གཏོང་མི་རུང་བའི་སྐུལ་མ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ལས་འཛིན་ལྷན་ཚོགས་ཀྱིས་ཨུ་རུ་སིའི་ཁི་ལི་མུའུ་ཡཱའི་རིམ་བཞིན་ཚབས་ཆེན་དུ་འགྱུར་བཞིན་པའི་དམག་དོན་འགུལ་སྐྱོད་ལ་རྒོལ་གཏམ་བཏང་བར་མ་ཟད། ཨུ་རུ་སིའི་གྲོས་ཁང་གིས་བུའུ་ཁི་ལན་གྱི་མངའ་ཁོངས་ནས་ཨུ་རུ་སིའི་དམག་དོན་སྟོབས་ཤུགས་བཀོལ་བར་འཐད་པ་བྱུང་བའི་ཆོད་དོན་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན།

གསལ་སྒྲོག་ལས་བཤད་རྒྱུར། བུའུ་ཁི་ལན་གྱི་དམག་དོན་འགུལ་སྐྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་བྱང་ཆིངས་རྩ་འཛུགས་དང་ཨུ་རུ་སིའི་ཞི་བདེའི་གྲོགས་པོའི་འབྲེལ་བའི་རྩ་དོན་དང་འགལ་ཡོད་ཟེར། གསལ་སྒྲོག་ལས་ཨུ་རུ་སི་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་རྩ་དོན་བརྩི་སྲུང་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཛ་དྲག་གི་གནས་བབ་སྔར་ལས་ཚབས་ཆེན་དུ་གཏོང་མི་རུང་བའི་སྐུལ་མ་བཏང་།

གསལ་སྒྲོག་ལས་ཨུ་རུ་སི་དང་བུའུ་ཁི་ལན་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་མངག་གཏོང་བྱས་པའི་རྒྱལ་སྤྱིའི་ལྟ་ཞིབ་པའི་མགོ་འཛིན་འོག ཕྱོགས་གཉིས་ཀྱི་གྲོས་མོལ་ལ་བརྟེན་ནས་ཞི་བའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པའི་སྐུལ་མ་བཏང་།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་གསལ་སྒྲོག་ནང་བཤད་རྒྱུར། ཨུ་རུ་སིའི་བུའུ་ཁི་ལན་གྱི་བྱ་སྤྱོད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྩ་དོན་དང་འགལ་ཡོད་པ་དང་། དེས་ཡོ་རོབ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་བཟོས་ཡོད་པས། ཨུ་རུ་སི་རྒྱལ་ཁབ་ཀྱིས་ངེས་པར་དུ་དམག་དོན་འགུལ་སྐྱོད་དང་འཇིགས་སྐུལ་གཏམ་བཤད་མཚམས་འཇོག་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག