མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སིའི་ཙུང་ཐུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་བུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-03 15:43

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས2ཉིན་སྤྱི་སྒྲོག་སྤེལ་ཏེ། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་དང་མཉམ་དུ་བུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཨོ་ལིང་ཏི་ཡིས་གྲོས་བསྡུར་བྱེད་སྐབས་བལྟས་ན། བུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་བུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་དགོས་པ་དང་། བུའུ་ཁི་ལན་གྱི་རིགས་རྒྱུད་ཚོ་ཁག་དང་སྐད་བརྡ། རིགས་གནས་བཅས་ཀྱི་སྣ་མང་རང་བཞིན་ཁས་ལེན་བྱེད་དགོས་ལ། བུའུ་ཁི་ལན་གྱིས་མངོན་གསལ་ཡིན་ཞིང་རྩོད་གཞི་མེད་པའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་རྩ་འཛུགས་བྱེད་དགོས་པར་འདོད།

ཨོ་ལིང་ཏི་ཡིས་བསྟན་དོན། ཕན་ཅི་བུན་གྱིས་དེའི་ཐད་འབད་བརྩོན་བྱེད་དགོས་པའི་རེ་བ་བཅངས་ཡོད་ཟེར།

དེ་ལས་གཞན་ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གི་ཕྱི་འབྲེལ་མི་སྣས་ཚེས2ཉིན་བཤད་རྒྱུར། ཧྥ་རན་སི་རྒྱལ་ཁབ་ཀྱིས་ད་ལོའི་ཟླ6པར་ཨུ་རུ་སིའི་སོ་ཆི་ནས་འཚོག་རྒྱུ་ཡིན་པའི་རྒྱལ་ཁབ་བརྒྱད་ཀྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཀྱི་གྲ་སྒྲིག་གྲོས་ཚོགས་ལ་ཞུགས་མཚམས་འཇོག་རྒྱུ་ཐག་བཅད་ཡོད་པ་དང་། ཧྥ་རན་སི་རྒྱལ་ཁབ་ཀྱིས་བུའུ་ཁི་ལན་གྱི་ཉམས་ཉེན་ལ་འབྲེལ་བའི་ཕྱོགས་སོ་སོས་འཁྲུག་རྩོད་མཚམས་འཇོག་པར་བར་འདུམ་བྱེད་འདོད་ཡོད་ཟེར།

ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི་ཡིས་ཉིན་དེར་ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཨུ་རུ་སིའི་ཚབས་ཆེན་དུ་འགྱུར་བཞིན་པའི་དམག་དོན་འགུལ་སྐྱོད་ལ་རྒོལ་གཏམ་གཏོང་གིན་ཡོད་པ་དང་། གང་མགྱོགས་ཀྱིས་བར་འདུམ་བྱ་བར་རྩ་འཛུགས་བྱས་ཏེ། ཐད་ཀར་དུ་ཨུ་རུ་སི་དང་བུའུ་ཁི་ལན་ལ་བར་འདུམ་བྱེད་པའམ་ཡང་ན་མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་གླིང་གི་བདེ་འཇགས་དང་མཉམ་ལས་རྩ་འཛུགས་བརྒྱུད་དེ་བར་འདུམ་བྱེད་དགོས། ཧྥ་རན་སི་རྒྱལ་ཁབ་ཀྱིས་བར་འདུམ་བྱ་བའི་ཐད་འབད་བརྩོན་བྱེད་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག