མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁུང་མེན་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-03 15:43

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས2ཉིན་གསར་འགྱུར་ལས་རིགས་ལ་གསལ་སྒྲོག་སྤེལ་ཏེ། ཁ་ཚིག་དྲག་པོས་ཚེས་གཅིག་ཉིན་ཀྲུང་གོའི་ཁུང་མེན་མེ་འཁོར་ས་ཚིགས་ནས་བྱུང་བའི་ཉེས་མེད་མི་སེར་དཀྱུས་མ་མང་བོར་ཤི་རྨས་ཐེབས་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། འཇིགས་སྐུལ་འཇབ་རྒོལ་གྱི་ལག་བསྟར་མཁན་དང་རྩ་འཛུགས་མཁན། རོགས་རམ་མཁན། རྒྱབ་སྐྱོར་མཁན་བཅས་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཆེས་ཡ་ང་བའི་འཇིགས་སྐུལ་འཇབ་རྒོལ་དེའི་ཁྲོད་ཀྱི་ཚེ་འདས་མཁན་དང་དེའི་ཁྱིམ་མི། དེ་མིན་ཀྲུང་གོའི་མི་དམངས་དང་སྲིད་གཞུང་བཅས་ལ་སྙིང་ཐག་པ་ནས་འཚམས་འདྲི་བྱས་པ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ནི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཐད་ཀྱི་འཇིགས་ཉེན་ཚབས་ཆེན་ཞིག་ཡིན་པ་དང་། འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་དེ་དུས་ནམ་ཞིག་ལ་གནས་གང་ཞིག་ནས་མི་སུ་ཞིག་གིས་རྒྱུ་མཚན་ཅིའི་ཕྱིར་ལག་བསྟར་བྱས་ཀྱང་། ནག་ཉེས་བྱ་སྤྱོད་དེ་བཅའ་ཁྲིམས་ཀྱི་རྒྱ་ལས་ཐར་ཐབས་མེད་པ་བསྐྱར་སྒྲོག་བྱས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ནང་གཏན་འཁེལ་བྱས་པའི་འགན་འཁྲི་གཞིར་བཟུང་སྟེ་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་བསྐྱར་སྒྲོག་བྱས།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ངེས་པར་དུ་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་དེའི་ལག་བསྟར་མཁན་དང་རྩ་འཛུགས་མཁན། རྒྱབ་སྐྱོར་མཁན་སོགས་ཁྲིམས་ལ་སྦྱོར་དགོས་པ་ནན་བཤད་བྱས་པ་དང་། ཞོར་དུ་རྒྱལ་ཁབ་ཚང་མས་རྒྱལ་སྤྱིའི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱི་གཏན་འཁེལ་གཞིར་བཟུང་སྟེ། དེའི་ཐད་ནས་འབྲེལ་ཡོད་སྲིད་གཞུང་བར་མཉམ་ལས་བཟང་བོ་བྱེད་དགོས་པའི་སྐུལ་མ་བཏང་།

ཟླ3པའི་ཚེས1ཉིན་གྱི་དགོང་མོར། ཀྲུང་གོའི་ཡུན་ནན་ཞིང་ཆེན་གྱི་ཁུང་མེན་མེ་འཁོར་ས་ཚིགས་ཀྱི་ཐང་ཆེན་ནས་གདོང་ཁེབ་གཡོགས་པའི་ཉེས་ཅན་གྱིས་ཉེས་མེད་མང་ཚོགས་དམར་གསོད་བཏང་བའི་དོན་རྐྱེན་བྱུང་སྟེ། མིག་སྔའི་བར་མི29རྐྱེན་ལམ་དུ་ཤོར་བ་དང་མི100ལྷག་ལ་རྨས་ཕོག་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག