མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུའི་འཇིགས་སྐུལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-03 15:43

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཚེས2ཉིན་ཨུ་རུ་སི་རྒྱལ་ཁབ་ཀྱི་བུའུ་ཁི་ལན་ལ་དམིགས་པའི་བློ་ཡུལ་ལས་འདས་པའི་བཙན་འཛུལ་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་། མནའ་མཐུན་རྒྱལ་ཁབ་དག་དང་མཉམ་དུ་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་རབ་དང་རིམ་པ་སྤྱོད་རྒྱུའི་འཇིགས་སྐུལ།

ཁི་ལེ་ཡིས་ཁོ་ལོམ་པུ་ཡཱ་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་རྒྱལ་ཁབ་གཞན་ཞིག་ལ་བཙན་འཛུལ་བྱེད་པ་ནི་ཧ་ལས་དགོས་པའི་བསམ་མེད་ཀྱི་བྱ་སྤྱོད་ཅིག་ཡིན་པ་དང་། རྫུན་བཟོ་ཁོ་ནའི་ཁ་གཡོར་ས་ཞིག་བཙལ་ནས་རྒྱལ་ཁབ་གཞན་ཞིག་ལ་བཙན་འཛུལ་བྱེད་པ་ནི་དུས་རབས་ཉེར་གཅིག་པར་དུས་རབས་བཅུ་དགུའི་བྱེད་ཐབས་སྤྱད་དེ་བྱ་ལས་གཉེར་བའི་སྣང་ཚུལ་ཞིག་རེད་ཟེར།

ཁི་ལེ་ཡིས་བཤད་རྒྱུར། ཁོས་བུའུ་ཁི་ལན་གྱི་ཉམས་ཉེན་བར་འདུམ་བྱེད་པར་ཞུགས་པའི་རྒྱལ་ཁབ་བཅུའི་ཕྱི་འབྲེལ་བློན་ཆེན་ལ་ཁ་པར་བཏང་བ་དང་། ཁོ་ཚོས་དཔལ་འབྱོར་ཐད་ནས་ཨུ་རུ་སི་ཁེར་རྐྱང་དུ་ཕུད་པ་དང་། ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་སྤྱོད་པར་གྲ་སྒྲིག་ཡོད་པའི་ཚུལ་བསྟན་ཟེར།

ཁི་ལེ་ཡིས་ཨ་མེ་རི་ཁས་ད་ལོའི་ཟླ6པར་ཨུ་རུ་སིའི་སོ་ཆི་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་བརྒྱད་ཀྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཞོར་དུ་ཨུ་རུ་སི་ལ་ལམ་ཡིག་སྟེར་མཚམས་འཇོག་པ་དང་། རྒྱུ་ནོར་ཉར་འཇོག་བྱེད་པ་དང་དཔལ་འབྱོར་ཉོ་ཚོང་གི་བཀག་སྡོམ་བྱེད་ཐབས་སྤྱད་དེ། ཕུའུ་ཅིན་གྱིས་རང་གི་བྱེད་ཐབས་བསྒྱུར་བར་ཡར་སྐུལ་བྱེད་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས། ཁོས་བཤད་རྒྱུར། ཨ་མེ་རི་ཁས་བུའུ་ཁི་ལན་གྱི་རྩོད་གླེང་དེ་ཤར་ནུབ་ཕྱོགས་བར་གྱི་འཐབ་རྩོད་དུ་འགྱུར་དུ་འཇུག་རྩིས་མེད་ཀྱང་། གལ་ཏེ་ཨུ་རུ་སི་རྒྱལ་ཁབ་བརྒྱད་ཀྱི་སྡེ་ཚོགས་ཀྱི་རྒྱལ་ཁབ་ཏུ་འགྱུར་འདོད་ཡོད་ན། རྒྱལ་ཁབ་བརྒྱད་ཀྱི་སྡེ་ཚོགས་ཀྱི་རྒྱལ་ཁབ་དག་དང་འདྲ་བར་གནད་དོན་ཐག་གཅོད་གང་ལེགས་བྱེད་དགོས་ཟེར།

ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཟླ3པའི་ཚེས1ཉིན་དམིགས་བསལ་གྲོས་ཚོགས་བསྡུས་ཏེ་ཕུའུ་ཅིན་གྱི་གྲོས་གཞི་ལ་གྲོས་མཐུན་བཀོད་དེ། བུའུ་ཁི་ལན་གྱི་མངའ་ཁོངས་སུ་ཨུ་རུ་སིའི་དམག་དོན་སྟོབས་ཤུགས་བཀོལ་ནས་རྒྱལ་ཁབ་དེའི་བརྟན་འཇགས་སླར་གསོ་བྱེད་རག་བར་དུ་འབད་བརྩོན་བྱེད་པར་འཐད་པ་བྱུང་། ཙུང་ཐུང་གི་ལས་འགན་ལག་བསྟར་བྱེད་པའི་བུའུ་ཁི་ལན་གྱི་གྲོས་དཔོན་ཐུའུ་ཨར་ཆི་ནོའུ་ཧྥུའུ་ཡིས་ཚེས་གཅིག་ཉིན་གྱི་དགོང་མོར་བསྟན་དོན། བཙན་འཛུལ་གྱི་སྣང་ཚུལ་འབྱུང་བར་བསམ་བློ་བཏང་སྟེ། ཁོས་བུའུ་ཁི་ལན་གྱི་དྲག་ཆས་སྟོབས་ཤུགས་དམག་གྲབས་ཀྱི་རྣམ་པར་ཞུགས་ཏེ། ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དང་གནམ་གྲུའི་ཐང་། དེ་མིན་འཐབ་ཇུས་ཀྱི་རྨང་གཞིའི་སྒྲིག་ཆས་ཀྱི་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག