མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐེ་གོའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་ཀྱི་མགོ་ཁྲིད་པས་དབྱིན་ལཱ་དང་གྲོས་མོལ་བྱེད་རྒྱུའི་གྲོས་གཞི་བཏོན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-28 12:07

泰反政府领导人提议与英拉谈判.jpg

ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། མན་ཀུའུ་ནས་ཐེ་གོའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་ཀྱི་མགོ་ཁྲིད་པ་སུའུ་ཐིས་ཀྱིས་གཏམ་བཤད་སྤེལ་བཞིན་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་གོའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་ཀྱི་མགོ་ཁྲིད་པ་སུའུ་ཐིས་ཀྱིས་ཚེས་ཉེར་བདུན་ཉིན་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་དབྱིན་ལཱ་དང་ཐད་ཀར་གྲོས་མོལ་བྱེད་རྒྱུའི་གྲོས་གཞི་བཏོན་པ་དང་། དབྱིན་ལཱ་ཡིས་ཉིན་དེར་གྲོས་མོལ་བྱེད་པའི་གྲོས་གཞིར་འཐད་པ་ཡིན་པའི་ཚུལ་བསྟན་ཡང་། ཞོར་དུ་རང་ཉིད་ཀྱི་རེ་བ་བཏོན་ཡོད།

    ཞི་བའི་གྲོས་མོལ་བྱེད་པའི་འབོད་སྒྲ་སྔར་ལས་ཇེ་ཆེར་སོང་བ་དང་བསྟུན་ནས་དུས་རྒྱུན་མཐའ་གཅིག་ཏུ་གྲོས་མོལ་མི་བྱེད་པའི་ཚུལ་སྟོན་པའི་སུའུ་ཐིས་ཀྱིས་ཀྱང་བསམ་ཚུལ་བསྒྱུར་ཏེ། འདུ་ཚོགས་སྐབས་གཏམ་བཤད་སྤེལ་ནས་དབྱིན་ལཱ་དང་གྲོས་མོལ་བྱེད་རྒྱུའི་གྲོས་གཞི་བཏོན་པ་དང་། དེའི་ཆ་རྐྱེན་ནི་ངེས་པར་ཐད་ཀར་གྲོས་མོལ་བྱེད་དགོས་པར་མ་ཟད་བརྙན་འཕྲིན་ལས་ཐད་གཏོང་བྱས་ཏེ་མང་ཚོགས་ཡོངས་ལ་ཁྱབ་སྒྲོག་བྱེད་དགོས་པ་དེ་རེད།

    དབྱིན་ལཱ་ཡིས་ཉིན་དེར་བཤད་རྒྱུར། ཁོ་མོ་ཞི་བའི་གྲོས་མོལ་བྱེད་པར་འཐད་པ་ཡིན་ཡང་། ངེས་པར་དུ་སྔོན་ལ་གྲོས་མོལ་དེ་རྩ་ཁྲིམས་ཀྱི་ཁྱབ་ཁོངས་སུ་སྤེལ་མིན་དང་། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཕྱོགས་ཁག་གིས་ཟླ་ངོ་འགའ་འགོར་བའི་འདུ་ཚོགས་མཚམས་འཇོག་པར་གྲ་སྒྲིག་བྱས་ཡོད་མེད་གསལ་བོ་བྱེད་དགོས་ཟེར། དབྱིན་ལཱ་ཡིས་བསྟན་དོན། གལ་ཏེ་ཕྱོགས་གཉིས་ཀྱི་གྲོས་མོལ་ཐེངས་དང་པོར་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་མེད་ཀྱང་། བྱེ་བྲག་གི་གྲོས་མོལ་སྒྲོམ་གཞི་ཞིག་གཏན་འབེབས་བྱས་ཏེ། གྲོས་མོལ་དེ་མུ་མཐུད་དུ་སྤེལ་བར་གྲ་སྒྲིག་བྱེད་དགོས་ལ། གཞན་ད་རུང་ཆེད་མཁས་པ་སོགས་གྲོས་མོལ་ལ་ཞུགས་པར་གདན་ཞུ་བྱས་ཏེ་ཞི་བའི་གྲོས་མོལ་ཐད་བློ་འདོན་ཇུས་འབུལ་བྱེད་དུ་འཇུག་དགོས་ཟེར།

    ལྟ་སྐྱོང་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་ལ་ཁ་པར་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་ཐེ་གོའི་སྲིད་དབང་གི་འགལ་བ་ཐག་གཅོད་བྱེད་པའི་ཐད་གྲོས་གཞི་འདོན་དགོས་པའི་རེ་བ་བཏོན་པའི་གནད་དོན་ཐད་ནས་དབྱིན་ལཱ་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་གཞི་གལ་འགངས་ཆེ་ཡང་། ཆེས་མཇུག་མཐར་ཐེ་གོའི་མི་དམངས་རང་ཉིད་ཀྱིས་གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་དགོས་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག