མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ལེ་སི་ཐན་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་ལ་ཡིད་ཆད་ཡོད་པའི་ཚུལ་བསྟན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-28 12:05

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཨ་ཧྲི་ལཱ་ཝེ་ཡིས་ཕཱ་ལེ་སི་ཐན་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་བལྟས་ན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་ཁྲོད་ཨ་མེ་རི་ཁའི་ལངས་ཕྱོགས་དེ་དབྱི་སི་རལ་གྱི་ཕྱོགས་སུ་གཞོལ་ཡོད་པས་ཞི་བདེ་ཡོང་ཐབས་མེད་པས། མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་གླིང་མནའ་འབྲེལ། ཨུ་རུ་སི་སོགས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་ནང་ཞུགས་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར།

ཨ་ཧྲི་ལཱ་ཝེ་ཡིས་ད་རུང་བསྟན་དོན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཞི་བའི་གྲོས་མོལ་ལ་ཕམ་ཉེས་འབྱུང་བར་གྲ་སྒྲིག་བྱས་ཡོད་པ་དང་། ད་ལྟ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ཤིག་སྤེལ་བར་འབད་བརྩོན་བྱེད་བཞིན་ཡོད་ལ། དེའི་ཐད་ཨུ་རུ་སི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཕལ་ཆེར་ཡིད་འཐད་བྱུང་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བསྟན་དོན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་གྱི་ཡུན་ཚད་ཇེ་རིང་དུ་གཏོང་སྲིད་ཀྱང་། ཨ་མེ་རི་ཁའི་ཕྱོགས་ཀྱིས་སྔར་བཞིན་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཞི་བའི་གྲོས་མོལ་གྱི་སྒྲོམ་གཞིའི་གྲོས་མཐུན་གཏན་འབེབས་བྱེད་བཞིན་ཡོད་ཟེར། རྒྱུས་ལོན་བྱུང་བ་ལྟར་ན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པཱ་སི་གཉིས་ཀྱིས་ཟླ་གསུམ་པར་སྔ་གཞུག་ཏུ་ཨ་མེ་རི་ཁར་འཚམས་འདྲི་བྱས་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་གྱི་གྲོས་གཞིའི་ཐད་ནས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་དང་གྲོས་མོལ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག