མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝེ་ནེ་ཙུའེ་ལཱའི་ཆབ་སྲིད་གྲོས་མོལ་ལ་སྔར་བཞིན་བཀག་རྒྱ་ཡོད་པ་དང་མཱ་ཏུའུ་ལོ་ཡིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་བསྡུ་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-27 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཚེས24ཉིན་ཀྲིག་སོ་སོའི་ཀྲིག་ཀྲང་མཉམ་དུ་བསྡུས་ཤིང་ཙུང་ཐུང་བཞུགས་ཤག་ནས་རྒྱལ་ཡོངས་ཀྱི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་བསྡུས་ནས། སྤྱི་ཚོགས་ཀྱི་བདེ་སྲུང་ལ་ཤུགས་སྣོན་པ་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་འཆར་གཞི་གཏན་འབེབས་བྱེད་པར་གྲོས་བསྡུར་བྱས། མཱ་ཏུའུ་ལོ་ཡིས་ཚོགས་ཐོག་ནས་བསྟན་དོན། ངོ་རྒོལ་ཏང་གིས་ངེས་པར་དུ་ཞི་བའི་ཐབས་ལ་བརྟེན་རྔམ་སྟོན་ཁྲོམ་སྐོར་བྱེད་དགོས་པ་དང་། སྤྱི་བའི་སྒྲིག་ལམ་ལ་གཏོར་བརླག་བྱེད་པ་དང་མི་སྣར་ཤི་རྨས་བཟོ་བའི་དྲག་ཤུགས་བྱ་སྤྱོད་སྤེལ་མི་རུང་ཟེར། ཁོས་ཡང་བསྐྱར་ངོ་རྒོལ་ཏང་ཟླ་འདིའི་ཚེས་ཉེར་བདུན་ཉིན་བསྡུ་རྒྱུའི་འཆར་གཞི་ཡོད་པའི་རྒྱལ་ཡོངས་ཀྱི་ཞི་བའི་ཚོགས་ཆེན་ལ་ཞུགས་ཏེ་མཉམ་དུ་རྒྱལ་ཁབ་ཀྱི་ཞི་བདེ་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཉེ་སྔོན་ཝེ་ནེ་ཙུའེ་ལཱའི་ས་ཁུལ་ཁ་ཤས་ཀྱི་སློབ་མས་བསྟུད་མར་ཉིན་འགའི་རིང་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ། སྲིད་གཞུང་དང་ངོ་རྒོལ་ཏང་གིས་ཀྱང་སོ་སོར་རྒྱབ་སྐྱོར་མཁན་རྩ་འཛུགས་བྱས་ཏེ་རྒྱལ་ས་ཅཱ་ལཱ་ཅཱ་སི་ནས་གཞི་རྒྱ་ཆེ་བའི་མང་ཚོགས་ཀྱི་འདུ་ཚོགས་དང་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་བ་རེད། ཅཱ་ལཱ་ཅཱ་སི་དང་ས་ཁུལ་ཁག་ཅིག་ནས་མེ་མདས་བརྒྱབ་པ་དང་། བཟོ་སྐྲུན་ལ་གཏོར་བརླག་བྱེད་པ། རླངས་འཁོར་ལ་གཏོར་བརླག་བྱེད་པ་སོགས་དྲག་ཤུགས་བྱ་འགུལ་དང་སྤྱི་ཚོགས་ཀྱི་ཟིང་འཁྲུག་བྱུང་བ་རེད། ཚེས་ཉེར་བཞིའི་ཉིན་བར་རྒྱལ་ཡོངས་སུ་བསྡོམས་པས་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་དང་ཞེ་དགུ་ལ་རྨས་ཕོག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག