མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་རྒྱལ་ཁབ་ཀྱིས་བུའུ་ཁི་ལན་གྱི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཀྱི་བདེ་འཇགས་ལ་སེམས་ཁུར་བྱེད་བཞིན་ཡོད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-27 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་རྒྱལ་སྤྱིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མར་ཀི་ལོ་ཧྥུའུ་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། བུའུ་ཁི་ལན་གྱི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཀྱི་བདེ་འཇགས་འགན་སྲུང་ལ་སེམས་ཁུར་བྱེད་བཞིན་ཡོད་ཟེར།

མར་ཀི་ལོ་ཧྥུའུ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། བུའུ་ཁི་ལན་ནས་ཐོག་དང་པོར་ངོ་རྒོལ་བྱ་འགུལ་ལ་ཞུགས་མཁན་ནི་དབང་འཛིན་ལས་ཁུངས་ཀྱི་རུལ་སུངས་དང་འཚོ་བའི་ཆུ་ཚད་དམའ་མོར་མི་དགའ་བའི་མི་རྣམས་ཡིན་པ་དང་། ངོ་རྒོལ་གྱི་སྟོབས་ཤུགས་དེ་ཐལ་སྤྱོད་ཉེས་ཅན་གྱི་བེད་སྤྱོད་བྱས་ཡོད་པས། བུའུ་ཁི་ལན་དུ་མིག་སྔར་རྒྱུན་ལྡན་གྱི་སྲིད་དབང་མེད་ལ་སྒྲིག་ལམ་ཡང་མེད་ཟེར།

མར་ཀི་ལོ་ཧྥུའུ་ཡིས་བཤད་རྒྱུར། མིག་སྔར་བུའུ་ཁི་ལན་དུ་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་བཞི་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་། གློག་འདོན་མ་ལག་བཅོ་ལྔ་ནས་བཅུ་བདུན་གྱིས་གྲུབ་ཡོད། མིག་སྔར་གྱི་གནས་བབ་འོག བུའུ་ཁི་ལན་གྱི་བདེ་འཇགས་གནས་བབ་དབང་གིས་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་སྲུང་སྐྱོབ་བྱེད་པའི་འཆར་གཞི་སྔར་བཞིན་མེད་པ་དང་། ལས་ཁུངས་དེའི་མི་སྣ་ལས་གནས་དང་བྲལ་ཡོད་པས། དེར་བུའུ་ཁི་ལན་དང་ཁྱིམ་མཚེས་རྒྱལ་ཁབ་ཚང་མས་སེམས་ཁུར་མི་བྱེད་ཐབས་མེད་རེད་ཟེར།

ཨུ་རུ་སིའི་གུང་ཁྲན་ཏང་གི་མགོ་ཁྲིད་པ་ཅིག་ཅཱ་ནོའུ་ཧྥུའུ་ཡིས་ཀྱང་ཉིན་དེར་བུའུ་ཁི་ལན་གྱི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་བདེ་འཇགས་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན། ཁོས་བཤད་རྒྱུར། བུའུ་ཁི་ལན་གྱི་ལས་ཁུངས་སོ་སོའི་མི་སྣ་ཕྱོགས་བཞིར་འཁྱམས་པ་དང་། ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ལ་བློ་གཏད་ཆོག་པའི་སྲུང་སྐྱོབ་མཁན་མེད་ཟེར། ཁོས་བལྟས་ན་ཨུ་རུ་སི་དང་ཡོ་རོབ་གླིང་གི་ཆེད་མཁས་པས་བུའུ་ཁི་ལན་གྱི་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ཀྱི་སྲུང་སྐྱོབ་བྱེད་ཐབས་ལ་ཞིབ་འཇུག་བྱེད་དགོས་པར་འདོད། རྒྱུ་མཚན་ནི་དེ་བུའུ་ཁི་ལན་ཁོ་ནའི་བདེ་འཇགས་ཙམ་ལ་འབྲེལ་བ་མ་ཡིན་པར་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་སོགས་ཀྱི་བདེ་འཇགས་ལའང་འབྲེལ་བ་ཡོད་པས་ཡིན་ཟེར།

དེ་ལས་གཞན་ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཁྱབ་སྒྲོག་བྱས་དོན། ཕུའུ་ཅིན་གྱིས་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར་ཨུ་རུ་སིའི་བདེ་འཇགས་གྲོས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་གྱི་གྲོས་ཚོགས་བསྡུས་ཏེ། གཙོ་བོ་བུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག