མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུར་ཁེ་ནས་རྒྱལ་ཡོངས་རང་བཞིན་གྱི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་སྟེ་སྲིད་གཞུང་གིས་ལས་འགན་བསྐྱུར་དགོས་པའི་རེ་བ་བཏོན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-27 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ལི་ཨེ་ཨར་ཏའོ་ཨན་རུལ་སུངས་ལ་འབྲེལ་བ་ཡོད་པའི་སྒྲ་ཕབ་རྒྱུ་ཆ་ཞིག་ཚེས་ཉེར་བཞིའི་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་རྗེས། ཐུར་ཁེ་རྒྱལ་ཁབ་ནས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་རྒྱལ་ཡོངས་རང་བཞིན་གྱི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་སྟེ་སྲིད་གཞུང་གིས་ལས་འགན་བསྐྱུར་དགོས་པའི་རེ་བ་བཏོན།

ཐུར་ཁེའི་ཆེས་ཆེ་བའི་གྲོང་ཁྱེར་དབྱི་སི་ཐན་པོར་དང་རྒྱལ་ས་ཨན་ཁཱ་ལཱ། ཨེ་ཆིན་མཚོ་མོའི་འགྲམ་བརྒྱུད་ཀྱི་དབྱི་ཚི་མུས་ཨར་གྲོང་ཁྱེར། ས་དཀྱིལ་མཚོ་མོའི་ཨན་ཐཱ་ལེ་ཡཱ་གྲོང་ཁྱེར་སོགས་གྲོང་ཁྱེར་བཅུ་གཅིག་ནས། ངོ་རྒོལ་མཁན་སྟོང་ཕྲག་འགའ་སྲང་ལམ་དུ་སོང་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཁ་དབྱངས་མཐོན་པོར་བསྒྲགས། ཉེན་རྟོག་ཕྱོགས་ཀྱིས་དུད་འཕྱུར་འགད་རྫས་དང་གནོན་ཤུགས་ཆེ་བའི་ཆུ་མདའ་བཀོལ་བ་དང་། ངོ་རྒོལ་མཁན་གྱིས་ཤོག་སྦག་དང་རྡོ་བ་སོགས་བཀོལ་ནས་རྒོལ་ལན་སྤྲད། མི་ལ་ལས་ད་རུང་སྲང་ལམ་དུ་བཀག་རྒྱ་བཟོས་ཡོད།

ཐུར་ཁེའི་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་བཞིའི་ཉིན་གྱི་དགོང་མོར་བསྒྲགས་དོན། དྲ་རྒྱའི་སྟེང་ཨེ་ཨར་ཏའོ་ཨན་གྱིས་ཁོའི་བུ་ལ་ཁ་པར་བཏང་སྟེ་མྱུར་མོར་མེ་སྒོར་ཐེར་འབུམ་གཅིག་གཞན་དུ་འཇོག་དགོས་པའི་རེ་བ་བཏོན་པའི་སྒྲ་ཕབ་རྒྱུ་ཆ་ཞིག་བརྒྱུད་གཏོང་བྱེད་བཞིན་ཡོད་པ་དང་། ཁ་པར་བཏང་བའི་དུས་ཡུན་ནི་ན་ནིང་གི་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་ཡིན་ལ། ཉིན་དེ་ནི་ཐུར་ཁེའི་ནེ་ཀིའི་དཔོན་པོ་གསུམ་གྱི་བུ་གཞི་རྒྱ་ཆེ་བའི་རུལ་སུངས་ལ་འབྲེལ་བ་ཡོད་པའི་དབང་གིས་འཛིན་བཟུང་བྱས་པའི་ཉིན་མོ་རེད་ཟེར།

ཨེ་ཨར་ཏའོ་ཨན་གྱིས་ཚེས་ཉེར་ལྔ་ཉིན་དོན་དེ་ཁས་ལེན་མ་བྱས་པ་དང་། སྒྲ་ཕབ་རྒྱུ་ཆ་དེ་རྫུན་བཟོ་ཡིན་པར་སྐྱོན་འཛུགས་བྱས། ཐུར་ཁེའི་ངོ་རྒོལ་ཏང་གི་མགོ་ཁྲིད་པས་སྒྲ་ལེན་དེ་དོན་དངོས་ཡིན་པར་འདོད་པས་ད་ལྟའི་སྲིད་གཞུང་གིས་ལས་འགན་བསྐྱུར་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག