མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་བློ་འདོན་པས་བུའུ་ཁི་ལན་གྱི་གྲོས་དཔོན་ལ་ཐུག་འཕྲད་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-25 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས24ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ཏེ། ཁོས་མཐོ་རིམ་བློ་འདོན་པ་སེ་ལི་བུའུ་ཁི་ལན་རྒྱལ་ཁབ་ཏུ་སོང་ནས་བུའུ་ཁི་ལན་གྱི་གྲོས་དཔོན་གསར་བ་ཐུའུ་ཨར་ཆི་ནོའུ་ཧྥུའུ་ལ་ཐུག་འཕྲད་བྱས་ཟེར། ཕན་ཅི་བུན་གྱིས་ད་རུང་བུའུ་ཁི་ལན་ཕྱོགས་ཁག་སོ་སོས་དྲག་ཤུགས་མཚམས་བཞག་སྟེ་ཞི་བའི་གྲོས་མོལ་ལ་བརྟེན་ནས་དེང་སྐབས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། སེ་ལི་ཡིས་ཐུའུ་ཨར་ཆི་ནོའུ་ཧྥུའུ་ལ་ཐུག་འཕྲད་བྱེད་སྐབས། ཕན་ཅི་བུན་གྱིས་བུའུ་ཁི་ལན་གྱི་མི་དམངས་ཡོངས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། བུའུ་ཁི་ལན་གྱི་མིས་སྣེ་ཁྲིད་ཅིང་བཟོད་སྒོམ་རང་བཞིན་གྱི་སྲིད་འཛིན་འཕེལ་རིམ་མངོན་འགྱུར་བྱེད་པར་རོགས་རམ་བྱེད་བཞིན་པ་བརྒྱུད་སྒྲོག་བྱས།

བུའུ་ཁི་ལན་གྱི་དེང་སྐབས་གནས་བབ་ཐད་ནས་ཕན་ཅི་བུན་གྱི་གསལ་སྒྲོག་ནང་ཐོག་མར་བཟོད་སྒོམ་རང་བཞིན་གྱི་ཆབ་སྲིད་འཕེལ་རིམ་ལ་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་ཡོད། འཕེལ་རིམ་དེ་ལས་བུའུ་ཁི་ལན་གྱི་མིའི་རེ་འདོད་མཚོན་དགོས་པར་མ་ཟད། བུའུ་ཁི་ལན་གྱི་མཐུན་སྒྲིལ་དང་མངའ་ཁོངས་ཆ་ཚང་ཡོང་བར་འགན་སྲུང་བྱེད་དགོས་ཟེར། བུའུ་ཁི་ལན་གྱི་བརྟན་འཇགས་དང་དར་རྒྱས་ཀྱི་མ་འོངས་པ་མངོན་འགྱུར་བྱེད་པའི་ཐད་ནས། ཕན་ཅི་བུན་གྱིས་འབྲེལ་ཡོད་ཕྱོགས་ཁག་སོ་སོས་དམ་བཅའ་བརྟན་པོ་བཅངས་ཤིང་། དམངས་གཙོ་དང་འགྲོ་མིའི་ཐོབ་ཐང་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རང་དབང་དང་དྲང་བདེན་གྱི་སྒོ་ནས་འདེམ་བསྐོའི་བྱ་འགུལ་སྤེལ་བར་ཁོར་ཡུག་བཟང་བོ་བསྐྲུན་དགོས་པའི་འབོད་སྐུལ་བཏང་། ཕན་ཅི་བུན་གྱིས་ད་རུང་བསྟན་དོན། རྒྱལ་སྤྱིའི་ཕྱོགས་ཁག་སོ་སོས་མཉམ་དུ་འབད་བརྩོན་བྱས་ནས་དཀའ་སྡུག་གི་དུས་སྐབས་དེར་བུའུ་ཁི་ལན་གྱི་མི་དམངས་ལ་རོགས་རམ་བྱེད་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག