མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སྐོར་ཐེངས་གསར་བའི་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་འཐབ་ཇུས་དཔལ་འབྱོར་གྲོགས་པོའི་གྲོས་ཆོད་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཚེས་ཉེར་གཉིས་ཉིན་སིང་ག་ཕོར་ནས་ཚོགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-23 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐོར་ཐེངས་གསར་བའི་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་འཐབ་ཇུས་དཔལ་འབྱོར་གྲོགས་པོའི་གྲོས་ཆོད་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཚེས22ཉིན་སིང་ག་ཕོར་ནས་ཚོགས་པ་དང་། ཨ་མེ་རི་ཁ་དང་བཅས་པའི་རྒྱལ་ཁབ་བཅུ་གཉིས་ཀྱི་འཐུས་མི་གྲོས་ཚོགས་སུ་ཞུགས་པ་དང་། ཚོགས་ཡུན་ཉིན4རེད།

སིང་ག་ཕོར་གྱི་ཉོ་ཚོང་དང་བཟོ་ལས་པུའུ་ཡིས་ཚེས་ཉེར་གཉིས་ཉིན་ཁྱབ་སྒྲོག་བྱས་པའི་སྤྱི་སྒྲོག་ལྟར་ན། ཐེངས་འདིའི་གྲོས་ཚོགས་ནི་གསང་བའི་ཐབས་ཀྱིས་སྤེལ་རྒྱུ་ཡིན་པ་དང་། གྲོས་ཚོགས་སུ་ཞུགས་མཁན་ལ་གཙོ་སྒྲུབ་རྒྱལ་ཁབ་སིང་ག་ཕོར་དང་། དེ་མིན་ཨ་མེ་རི་ཁ་དང་། འཇར་པན། ཨོ་སི་ཁྲུ་ལི་ཡཱ། ཝུན་ལེ། ཁཱ་ནཱ་ཏཱ། ཀྲི་ལི། མཱ་ལེ་ཞི་ཡཱ། མའོ་ཞི་ཁི། ནེའུ་ཙེ་ལན། ཕེ་རུ། ཡོ་ནན་སོགས་རྒྱལ་ཁབ་ཀྱི་ཉོ་ཚོང་པུའུ་ཀྲང་དང་། པུའུ་ཀྲང་གཞོན་པ། ཡང་ན་གྲོས་མོལ་འཐུས་མི་བཅས་འདུས། ཐེངས་འདིའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་མ་བསྡུས་གོང་། རྒྱལ་ཁབ་སོ་སོའི་གྲོས་མོལ་འཐུས་མི་གཙོ་བོ་དང་ཆེད་མཁས་པ་རེ་འགས་ཚེས་བཅུ་བདུན་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་དུས་རིམ་སྔོན་མའི་གྲོས་མོལ་བྱས་པ་རེད།

སྐོར་ཐེངས་སྔོན་མའི་གྲོས་མོལ་དེ་ན་ནིང་གི་ཟླ་བཅུ་གཉིས་པར་སིང་ག་ཕོར་ནས་བསྡུས་པ་དང་། སྐབས་དེར་སྔོན་དཔག་ལྟར་ཐོག་མའི་གྲོས་མཐུན་བཀོད་ཀྱང་དོན་འཁྱོལ་མ་བྱུང་། དེའི་རྗེས་སུ་གྲོས་མོལ་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་འཐུས་མིས་མཉམ་འབྲེལ་སྤྱི་བསྒྲགས་སྤེལ་ཏེ། གྲོས་ཚོགས་དེ་གྲོས་མཐུན་བཀོད་ནས་གྲུབ་འབྲས་བཟང་བོ་ལོན་པའི་ཕྱོགས་སུ་འཕེལ་བཞིན་ཡོད་པ་དང་། ཐག་གཅོད་བྱས་མེད་པའི་གྲོས་གཞི་མང་བོ་ཡང་ཐག་གཅོད་ཐུབ་པའི་རེ་བ་ཆེན་པོ་ཡོད་ཟེར།

ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་འཐབ་ཇུས་དཔལ་འབྱོར་གྲོགས་པོའི་གྲོས་ཆོད་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ནི་ཐོག་དང་པོར་ཝུན་ལེ་དང་། སིང་ག་ཕོར། ནེའུ་ཙེ་ལན། ཀྲི་ལི་བཅས་རྒྱལ་ཁབ་བཞིས་བཏོན་པ་དང་། ཉིས་སྟོང་བརྒྱད་ལོའི་རྗེས་སུ་ཨ་མེ་རི་ཁ་གྲོས་མོལ་དེར་ཞུགས་ནས་གཙོ་ཁྲིད་རྒྱལ་ཁབ་ཏུ་གྱུར་བ་རེད། རང་དབང་ཉོ་ཚོང་གྲོས་ཆོད་དེ་ནི་རེ་བཞག་མཐོ་བའི་ཉོ་ཚོང་གྲོས་ཆོད་ཅིག་ཡིན་པར་རློམ་ཡོད་པ་དང་། དེའི་དབང་གིས་རྩོད་གཞི་ཡང་མི་ཉུང་བ་འབྱུང་བཞིན་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག