མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པས་དམའ་རིམ་གྱི་འཕྲོད་བསྟེན་བདེ་སྲུང་ལ་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-23 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཁྲིན་ཧྥུན་ཧྥུའུ་ཀྲིན་གྱིས་ཚེས21ཉིན་ལེ་མཱ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དམའ་རིམ་འཕྲོད་བསྟེན་བདེ་སྲུང་ལ་མཐོང་ཆེན་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཕེ་རུ་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་བཞིན་པའི་ཁྲིན་ཧྥུན་ཧྥུའུ་ཀྲིན་གྱིས་ཉིན་དེར་ཕེ་རུའི་རྒྱལ་ཚོགས་ནས་ཁ་ཡིག་ལ་མི་ཚང་མས་འཕྲོད་བསྟེན་བདེ་སྲུང་ལོངས་སུ་སྤྱོད་པ་སྟེ་འཛམ་གླིང་ཡོངས་ཀྱི་ད་ལྟའི་གནས་ཚུལ་དང་མདུན་དུ་ལྷགས་པའི་འགྲན་རྩོད་ཅེས་པའི་གཏམ་བཤད་སྤེལ། ཁོ་མོས་ནན་གྱིས་བསྟན་དོན། དམའ་རིམ་གྱི་འཕྲོད་བསྟེན་བདེ་སྲུང་ལ་ཡར་སྐུལ་བྱས་ཏེ་དལ་བའི་རང་བཞིན་གྱི་ནད་ཡམས་སེལ་བ་དང་། ཁྱད་པར་དུ་སྟོབས་འབྱོར་ཞན་པའི་ཚོགས་ཁག་གིས་དེས་ཐད་ནས་གྲུབ་འབྲས་བཟང་བོ་ལོན་པར་བྱེད་དགོས་ཟེར།

ཁྲིན་ཧྥུན་ཧྥུའུ་ཀྲིན་གྱིས་བསྟན་དོན། མི་དམངས་ཀྱི་འཚོ་བའི་རྒྱུ་སྤུས་ཇེ་མཐོར་གཏོང་ཆེད། འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཤུགས་ཆེན་པོས་སློབ་གསོའི་ལས་དོན་འཕེལ་རྒྱས་སུ་བཏང་སྟེ་སྤྱི་ཚོགས་ཀྱི་འདྲ་མཉམ་མིན་པའི་སྣང་ཚུལ་ཇེ་ཉུང་དུ་གཏོང་དགོས་པ་དང་། ཁྱད་པར་དུ་ཞིང་སྡེ་ས་ཁུལ་དང་གཞིས་སྡོད་མིའི་སྡོད་ཁུལ་ནས་ས་དེའི་མང་ཚོགས་ལ་སྔར་ལས་མང་བའི་གོ་སྐབས་བསྐྲུན་དགོས་ཟེར།

ཕེ་རུ་རྒྱལ་ཁབ་ཀྱིས་དབུལ་ཕོངས་སེལ་བའི་ཕྱོགས་ལ་འབད་འབུངས་བྱས་པའི་གནས་ཚུལ་གླེང་སྐབས་ཁྲིན་ཧྥུན་ཧྥུའུ་ཀྲིན་གྱིས་ནན་གྱིས་བསྟན་དོན། ཕེ་རུའི་སྲིད་གཞུང་གིས་ལག་བསྟར་བྱས་པའི་སྤྱི་ཚོགས་བཟོད་སྒོམ་རང་བཞིན་གྱི་དཔལ་འབྱོར་འཕར་སྣོན་བྱེད་ཐབས་ཀྱིས་སྦྲུམ་མ་དང་བྱིས་པའི་ཤི་ཚད་ཇེ་དམའ་རུ་བཏང་བར་མ་ཟད། ཕྱོགས་བསྡུས་ཀྱི་འཕྲོད་བསྟེན་མ་ལག་ལ་བརྟེན་ནས་སྨན་བཅོས་རོགས་སྐྱོར་གྱི་ཁེབས་ཚད་རྒྱ་བསྐྱེད་ཟེར།

ཁྲིན་ཧྥུན་ཧྥུའུ་ཀྲིན་གྱིས་ད་རུང་མི་རྣམས་ཀྱིས་བཟའ་བཏུང་གི་གོམས་གཤིས་ལེགས་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། བདེ་ཐང་གི་ཟས་རིགས་ལོངས་སུ་སྤྱོད་དགོས་པའི་འདོད་བློ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག