མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ལ་དམག་མི་དང་ཉེན་རྟོག་པ་སྟོང་གསུམ་ཁ་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-21 11:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས་ཉི་ཤུའི་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་པའི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉམས་ཉེན་ཐག་གཅོད་བྱེད་པའི་གྲོས་གཞི་དྲུག་བཏོན་པ་དང་། དེའི་ནང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་ཧྥ་རན་སི་རྒྱལ་ཁབ་ཀྱིས་མྱུར་དུ་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ལ་དམག་མི་དང་ཉེན་རྟོག་པ་སྟོང་གསུམ་ཁ་སྣོན་བྱས་ཏེ། དྲག་ཤུགས་ལ་བཀག་འགོག་དང་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད།

ཕན་ཅི་བུན་གྱིས་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་བབ་ཐད་ནས་བསྡུས་པའི་གྲོས་ཚོགས་སྟེང་བཤད་རྒྱུར། འདས་པའི་ལོ་གཅིག་གི་ནང་། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དེ་དྲག་ཤུགས་ལ་བརྟེན་ནས་རྩ་རྫོགས་བྱས་པ་དང་། རྒྱལ་ཁབ་ལས་ཁུངས་དང་ཁྲིམས་སྐྱོང་ཐོར་བརླག་ཏུ་སོང་ལ། ཆོས་ལུགས་ཕྱོགས་ཁག་བར་ཕན་ཚུན་དམར་གསོད་བྱས་ཏེ། རྒྱལ་ཁབ་ཁ་བྲལ་དུ་འགྲོ་བའི་ཉེན་ཁར་གནས་ཡོད། མི་སེར་དཀྱུས་མ་ས་ཡ་གཅིག་ཙམ་ལ་འགྲོ་སའི་ཁྱིམ་མེད་པ་དང་། མི་ས་ཡ་གཉིས་དང་འབུམ་ལྔ་ལྷག་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁོ་གལ་ཆེ་ཟེར། ཁོས་མི་འགྱངས་པར་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་གྲོས་གཞི་བཏོན་ཏེ། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ལ་མཉམ་འབྲེལ་ཞི་བདེ་སྲུང་སྐྱོབ་དམག་དཔུང་མངག་གཏོང་བྱེད་དགོས་པའི་རེ་བ་འདོན་རྒྱུ་ཡིན་ཡང་། བཀོད་སྒྲིག་ཡོངས་འགྲུབ་བྱེད་པར་ཉུང་མཐར་ཡང་ཟླ་ངོ་འགའི་དུས་ཚོད་དགོས་ཟེར། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག