མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་འཁྱམས་འཛུགས་སྐྲུན་བྱེད་མགྱོགས་སུ་འགྲོ་རྒྱུ་ཡིན་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-20 19:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧོ་སེ་དབྱིན་གྱིས་ཀྲུང་གོར་འཚམས་འདྲི་གནང་རིང་། ཀྲུང་གོ་དང་ཕ་ཁི་སི་ཐན་ཕྱོགས་གཉིས་པོས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་འཁྱམས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་མོས་མཐུན་བྱས་ཡོད་པ་རེད། རིགས་གཅིག་མཁས་པས། ཆ་འཕྲིན་དེའི་ཐོག་ནས་དུས་རབས་ཀྱི་ལམ་ཚད་རྡོ་རིང་ལྟ་བུའི་རྣམ་གྲངས་དེ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པའི་དུས་སུ་སླེབས་རྒྱུ་ཡིན་པ་མཚོན་གྱི་ཡོད་ཅེས་བསྟན་ཡོད་པ་རེད། ཀྲུང་གོ་དང་ཕ་ཁི་སི་ཐན་གྱིས་སྤྱི་ཚེས་19ཉིན་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ནང་། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་འཁྱམས་འཛུགས་སྐྲུན་དེ་ནི་རྒྱལ་ཁབ་གཉིས་པོའི་གོང་འཕེལ་འཐབ་ཇུས་དང་མཐུན་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་གོང་འཕེལ་དང་། དམངས་འཚོ་ལེགས་བཅོས། རང་ས་ཁུལ་གྱི་ཐུན་མོང་གོང་འཕེལ་དང་དར་རྒྱས་བཅས་ལ་ཕན་ཐོགས་ཡོད། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་འཁྱམས་གང་མགྱོགས་འཛུགས་སྐྲུན་བྱེད་པ་མ་ཟད། དོན་དངོས་ཀྱི་གྲུབ་འབྲས་ཐོབ་རྒྱུའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད་པ་རེད། སྤྱི་ལོ་2013ལོའི་ཟླ་བ་5པར། ལི་ཁེ་ཆང་གིས་ཕ་ཁི་སི་ཐན་ལ་འཚམས་འདྲི་གནང་རིང་། རྒྱལ་ཁབ་གཉིས་པོས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་འཁྱམས་འཛུགས་སྐྲུན་བྱ་རྒྱུའི་མོས་མཐུན་བྱས་ཡོད་པ་དང་། བྱང་གི་ཤིན་ཅང་ཁ་ཧྲེ་ནས་ལྷོའི་ཕ་ཁི་སི་ཐན་མངའ་ཁོངས་ནང་གི་ཧིན་རྡུ་རྒྱ་མཚོའི་འགག་སྒོ་ཀོ་ཏའར་གྲུ་ཁའི་བར། འཆར་གཞི་བྱས་ན་གཞུང་ལམ་དང་། ལྕགས་ལམ། སྣུམ་རླངས་དང་གློག་སྐུད་སྦུགས་ལམ་བཅས་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

འཚམས་འདྲི་གནང་རིང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། མ་འཇོག ནུས་པའི་འབྱུང་ཁུངས་བཅས་ནི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་འཁྱམས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་གྲོས་བསྡུར་བྱེད་པའི་གཙོ་གནད་གནད་དོན་ཞིག་ཡིན་པ་དང་། ཕྱོགས་གཉིས་པོས་ཁ་ལ་ཁུན་ལུན་གཞུང་ལམ་དང་། ནུས་པའི་འབྱུང་ཁུངས་རྣམ་གྲངས། ཀོ་ཏའར་གྲུ་པའི་ཚོང་གཉེར། ཁ་ལ་ཆི་ནས་ལ་ཧའར་གྱི་མྱུར་བགྲོད་གཞུང་ལམ་སོགས་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། མིག་སྔར་ཕ་ཁི་སི་ཐན་ལ་ནུས་པའི་འབྱུང་ཁུངས་མི་འདང་བའི་གནད་དོན་ཚབས་ཆེན་འཕྲད་ཡོད་པ་དང་། གློག་ཤུགས་མི་འདང་བ་ནི་ཕ་ཁི་སི་ཐན་ལ་འཕྲད་པའི་འགྲན་རྩོད་ཆེ་ཤོས་ཀྱི་གྲས་ཤིག་ཡིན། དབྱར་དུས་སུ་རྒྱལ་ཁབ་དེའི་གློག་མི་འདང་ཚད་ཀྲའོ་ཝ་5000ཟིན་གྱི་ཡོད་པ་རེད། ཕ་ཁི་སི་ཐན་གྱིས་ཕུན་སུམ་ཚོགས་པའི་ཉི་འོད་ནུས་པ་དང་། རླུང་ནུས། རྡོ་སོལ། འགྱུར་རྡོའི་འབར་རྒྱུ་བཅས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ནུས་པའི་འབྱུང་ཁུངས་ཀྱི་གྲུབ་ཆ་ལེགས་བཅོས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོའི་དེང་དུས་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་མ་ཅར་ལིས། འཛུགས་སྐྲུན་བྱེད་བཞིན་པའི་ཆུ་གློག་དང་མེ་གློག་རྣམ་གྲངས་ཕུད། ཀྲུང་གོའི་རླུང་ནུས་དང་། ཉི་འོད་ནུས་པ། ཉིང་རྡུལ་གློག་ཁང་ལག་རྩལ་བཅས་ཕ་ཁི་སི་ཐན་ལས་སྔོན་ཐོན་ཆེ་བ་ཡོད་པས། ལག་རྩལ་རྒྱབ་སྐྱོར་བྱེད་ཆོག་གི་ཡོད་ཅེས་གསུངས་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག