མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་ཚེས་ཉི་ཤུ་ཉིན་ནི་རྒྱལ་ཡོངས་ཀྱི་མྱ་ངན་ཉིན་མོ་ཡིན་པར་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-20 18:58

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཡཱ་ནོའུ་ཁི་ཝེ་ཆི་ཡིས་ཚེས་བཅུ་དགུ་ཉིན་བཀའ་རྒྱར་མིང་བཀོད་དེ། ཚེས་ཉི་ཤུ་ཉིན་ནི་རྒྱལ་ཡོངས་ཀྱི་མྱ་ངན་ཉིན་མོར་བྱས་ཏེ་ཚེས་བཅོ་བརྒྱད་ཉིན་རྒྱལ་ས་ཅི་ཧྥུའུ་ནས་བྱུང་བའི་ཟིང་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་ལ་མྱ་ངན་ཞུ་རྒྱུ་ཁྱབ་བསྒྲགས་བྱས།

བཀའ་རྒྱ་དེ་ལྟར་ན། ཝུའུ་ཁི་ལན་རྒྱལ་ཡོངས་ཀྱི་སྲིད་གཞུང་ལས་ཁུངས་དང་རྒྱལ་ཁབ་ལས་ཁུངས། རྒྱལ་གཉེར་ཁེ་ལས་ཚང་མས་ཚེས་ཉི་ཤུ་ཉིན་དར་ཆ་ཕྱེད་ཙམ་མར་ཕབ་སྟེ་མྱ་ངན་ཞུ་དགོས་པ་དང་། རྒྱལ་ཡོངས་ཀྱིས་ཉིན་དེར་རོལ་རྩེད་དང་ལུས་རྩལ་གྱི་བྱ་འགུལ་ཡོད་ཚད་མེད་པར་བཟོས་ཡོད་པར་མ་ཟད། རླུང་འཕྲིན་དང་བརྙན་འཕྲིན་ཁང་གི་ལེ་ཚན་ལའང་དགོས་ངེས་ཀྱི་སྡེབ་སྒྲིག་བྱས་ཡོད།

ཡཱ་ནོའུ་ཁི་ཝེ་ཆི་ཡིས་ཉིན་དེའི་སྔ་དྲོར་སྤེལ་བའི་གསལ་བསྒྲགས་ནང་། ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པས་མྱུར་དུ་ཁྲག་བཞུར་འཁྲུག་རྩོད་སློང་མཁན་བར་འབྲེལ་ཐག་གཅོད་དགོས་པའི་འབོད་སྐུལ་བཏང་བ་དང་། དེ་ལྟར་མིན་ཚེ་ཁོ་ཚོས་ཐལ་སྤྱོད་ཉེས་ཅན་ལ་རྒྱབ་སྐྱོར་བྱེད་པ་ཁས་ལེན་བྱས་པ་དང་གཅིག་མཚུངས་ཡིན་ཟེར། ཁོས་ད་ལྟ་ནས་བཟུང་ཕ་རོལ་བའི་རེ་འདོད་ལ་ཉན་ནས་འཁྲུག་རྩོད་མཚམས་བཞག་ཀྱང་འཕྱིས་མེད་པ་བསྐྱར་བསྒྲགས་བྱས།

ཉིན་དེར་ཝུའུ་ཁི་ལན་གྱི་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པ་ཁི་ལེ་ཆི་ཁི་ཡིས་འཇར་མན་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཙུང་ཐུང་ཡཱ་ནོའུ་ཁི་ཝེ་ཆི་ཡིས་ཉིན་དེར་ངོ་རྒོལ་ཕྱོགས་ཁག་བར་སྐོར་ཐེངས་གསར་བའི་གྲོས་མོལ་བྱེད་རྒྱུའི་གྲོས་གཞི་བཏོན་པ་དང་། ངོ་རྒོལ་ཕྱོགས་ཁག་གིས་དེར་དགའ་བསུ་བྱེད་བཞིན་ཡོད་ཟེར། ཁོས་ད་རུང་ང་ཚོའི་རེ་བ་ཧ་ཅང་མངོན་གསལ་ཡིན་པ་དང་། སྲིད་གཞུང་གིས་ངེས་པར་དུ་ཉེན་རྟོག་པ་བཀོད་སྒྲིག་བྱས་ཏེ་རྔམ་སྟོན་ཁྲོམ་སྐོར་མཁན་ལ་འགོག་རྒོལ་བྱེད་མཚམས་འཇོག་དགོས་ཟེར།

རྔམ་སྟོན་ཁྲོམ་སྐོར་མཁན་སྟོང་ཕྲག་འགའ་ཡིས་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་ཞི་བདེའི་དཔུང་འཇུག་ཅེས་པའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ། གྲོས་ཁང་གིས་ཉིས་སྟོང་བཞི་ལོའི་རྩ་ཁྲིམས་སླར་གསོ་བྱེད་དགོས་པའི་རེ་བ་བཏོན། དེའི་རྗེས་སུ་རྔམ་སྟོན་ཁྲོམ་སྐོར་མཁན་དང་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པའི་ཉེན་རྟོག་པ་དང་དམག་དཔུང་བར་འཁྲུག་རྩོད་དྲག་པོ་བྱུང་། ཝུའུ་ཁི་ལན་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུ་དགུ་ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། ཉིན་དེའི་དུས་ཚོད་དྲུག་བར་མི་ཉེར་ལྔ་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག