མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བུའུ་ཁི་ལན་གྱི་རྔམ་སྟོན་ཁྲོམ་སྐོར་མཁན་དང་ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་སྟེ་མི་བརྒྱ་ལྷག་ལ་ཤི་རྨས་ཐེབས་པས་ཕན་ཅི་བུན་གྱིས་དོན་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-19 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བུའུ་ཁི་ལན་གྱི་ཉེན་རྟོག་པ་དང་རྔམ་སྟོན་ཁྲོམ་སྐོར་མཁན་བར་ཚེས་བཅོ་བརྒྱད་ཉིན་ཡང་བསྐྱར་འཁྲུག་རྩོད་བྱུང་སྟེ་མི་བརྒྱ་ཕྲག་ལྷག་ལ་ཤི་རྨས་ཐེབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་དོན་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད།

ཕན་ཅི་བུན་གྱིས་ཉིན་དེར་ཁོའི་མགྲིན་ཚབ་པ་བརྒྱུད་དེ་རང་ཉིད་ཀྱིས་བུའུ་ཁི་ལན་གྱི་གནས་བབ་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཚེས་བཅོ་བརྒྱད་ཉིན་བྱུང་བའི་དྲག་ཤུགས་འཁྲུག་རྩོད་གསར་བ་ལས་མི་སྣར་ཤི་རྨས་ཐེབས་པར་དེ་བས་ཀྱང་སེམས་ཁུར་བྱེད་བཞིན་ཡོད་ཟེར། ཁོས་འབྲེལ་ཡོད་ཕྱོགས་སོ་སོས་རང་ཚོད་བཟུང་སྟེ་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་བསམ་ཚུལ་བསྐྱར་སྒྲོག་བྱས།

བུའུ་ཁི་ལན་ཉེན་རྟོག་ཕྱོགས་ཀྱིས་བཤད་པ་ལྟར་ན། ཚེས་བཅོ་བརྒྱད་ཉིན་རྒྱལ་ས་ཅི་ཧྥུའུ་ནས་བྱུང་བའི་དྲག་ཤུགས་འཁྲུག་རྩོད་ལས་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། ཤི་བོའི་གྲས་སུ་ཉེན་རྟོག་པ་གཉིས་དང་མི་སེར་དཀྱུས་མ་བདུན་ཡོད། རྨས་མའི་གྲས་སུའང་ཉེན་རྟོག་པ་འགའ་ཡོད་ཟེར། བུའུ་ཁི་ལན་གྱི་ཞིབ་དཔྱོད་དཔོན་པོས་བཤད་ན་ཉུང་མཐར་ཡང་མི་བརྒྱ་ལ་རྨས་ཕོག་ཡོད་ཟེར། བུའུ་ཁི་ལན་གྱི་འཕྲོད་བསྟེན་སྡེ་ཁག་གིས་བཤད་རྒྱུར། མི་བརྒྱ་དང་གྱ་ལྔ་ཡིས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ལ། དེའི་ནང་མི་བཅུ་ཕྲག་འགའི་རྨས་སྐྱོན་ཅུང་ཚབས་ཆེན་ཡིན་ཟེར།

བུའུ་ཁི་ལན་གྱི་རྔམ་སྟོན་ཁྲོམ་སྐོར་མཁན་ཕྱོགས་ཀྱིས་ཤི་བོ་ལྔའི་ཐོབ་ཐང་ངོས་འཛིན་བྱས་པ་དང་། འཁྲུག་རྩོད་ལས་མི་བརྒྱ་དང་ལྔ་བཅུ་ལ་རྨས་ཕོག་ཟེར། བུའུ་ཁི་ལན་གྱི་ཞིབ་དཔྱོད་དཔོན་པོས་ཉིན་དེའི་འཁྲུག་རྩོད་བྱུང་བའི་ངན་ཁག་ཚང་མ་རྔམ་སྟོན་ཁྲོམ་སྐོར་མཁན་ལ་བཀལ་ཡོད། བུའུ་ཁི་ལན་གྱི་ནང་སྲིད་པུའུ་ཡིས་བཤད་རྒྱུར། རྨས་མའི་གྲས་སུ་ཉེན་རྟོག་པ་ཞེ་བདུན་ཡོད་ཟེར།

ཕན་ཅི་བུན་གྱིས་ཕྱོགས་གཉིས་ཀྱིས་ངོ་རྒོལ་མཁན་དག་བཙན་བཟུང་བྱས་པའི་སྲིད་གཞུང་གི་གཞུང་སྒྲུབ་ཐོག་ཁང་ཆེན་མོ་ལས་ཕྱིར་འཐེན་བྱེད་པ་དང་། དབང་འཛིན་ལས་ཁུངས་ཀྱིས་དོན་རྐྱེན་བཟོ་མཁན་གྱི་འགན་འཁྲི་རྩད་གཅོད་མི་བྱེད་པར་སྲོག་ཐར་ལ་གཏོང་བ་སོགས་སྔར་བཀོད་པའི་གྲུབ་འབྲས་ལ་མུ་མཐུད་དུ་ཡར་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་ཕྱོགས་སོ་སོས་མྱུར་བ་མྱུར་དུ་གྲོས་མོལ་སླར་གསོ་བྱེད་དགོས་པའི་རེ་བ་བཏོན།

ཕན་ཅི་བུན་གྱི་མགྲིན་ཚབ་པས་ནན་གྱིས་བསྟན་དོན། ཕན་ཅི་བུན་གྱིས་སོ་ཆིའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས་སུ་བུའུ་ཁི་ལན་གྱི་ཙུང་ཐུང་ཡཱ་ནོའུ་ཁི་ཝེ་ཆི་དང་གྲོས་མོལ་བྱས་ཏེ། བུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས་ཡོད་ཟེར།

ཉིན་དེར་ཅི་ཧྥུའུ་ཡི་རྔམ་སྟོན་ཁྲོམ་སྐོར་མཁན་སྟོང་ཕྲག་འགའ་གྲོས་ཁང་ཐོག་ཁང་ཆེན་མོའི་ཕྱོགས་སུ་སོང་ནས། གྲོས་ཁང་ལ་གནོན་ཤུགས་བྱིན་ནས་ཉིས་སྟོང་བཞི་ལོའི་རྩ་ཁྲིམས་སླར་གསོ་བྱེད་པར་འཐད་པ་འབྱུང་དུ་འཇུག་རྩིས་བྱས། དེའི་རྗེས་སུ་རྔམ་སྟོན་ཁྲོམ་སྐོར་མཁན་དང་ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་བ་རེད།

གཞན་ཡང་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས། དབྱིན་ཇི། ཧྥ་རན་སི་སོགས་རྒྱལ་ཁབ་ཀྱིས་ཀྱང་མིག་སྔར་གསལ་སྒྲོག་སྤེལ་ཏེ། བུའུ་ཁི་ལན་གྱི་གནས་བབ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། བུའུ་ཁི་ལན་གྱི་འབྲེལ་ཡོད་ཕྱོགས་ཁག་སོ་སོས་རང་ཚོད་བཟུང་སྟེ་ཡང་བསྐྱར་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག