མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་མཚོ་དམག་གིས་སྐུལ་འོད་མཚོན་ཆ་ཐོག་མར་བེད་སྤྱོད་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-19 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་མཚོ་དམག་གིས་ད་ལོར་ཐོག་དང་པོར་དམག་གྲུའི་སྟེང་སྐུལ་འོད་མཚོན་ཆ་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། ལོ་ངོ་གཉིས་ཀྱི་ནང་དམག་གྲུའི་སྟེང་ཁབ་ལེན་གློག་གི་རྒྱུ་ལམ་གྱི་སྐུལ་འོད་མེ་སྒྱོགས་དངོས་དཔེ་ལ་ཚོད་ལྟ་བྱེད་རྒྱུའི་འཆར་གཞི་ཡོད།

ཨ་མེ་རི་ཁའི་མཚོ་དམག་རྒྱ་མཚོའི་ཁོངས་གཏོགས་དམག་སྤྱི་ཁང་གི་ལས་གཞིའི་སྤྱི་གཉེར་བ་ཆི་ཧྥུའུ་ཡིས་བལྟས་ན། སྐུལ་འོད་བཀོལ་སྤྱོད་བྱས་ན་ཨ་མེ་རི་ཁའི་མཚོ་དམག་གི་འཐབ་འཁྲུག་བྱེད་ཐབས་རྩ་བ་ནས་བསྒྱུར་སྲིད་པར་འདོད། ཁོས་བཤད་རྒྱུར། ཨ་མེ་རི་ཁའི་མཚོ་དམག་གིས་ད་ལོའི་དབྱར་ཁར་ཕང་སེ་རྟགས་ཅན་གྱི་དམག་གྲུའི་སྟེང་སྐུལ་འོད་མཚོན་ཆའི་དངོས་དཔེ་ཚོད་ལྟ་བྱེད་རྒྱུ་ཡིན་པ་དང་། མཚོན་ཆ་དེ་མི་གཅིག་གིས་ཁ་ལོ་བྱེད་ཐུབ་པ་རེད་ཟེར།

ཨ་མེ་རི་ཁའི་མཚོ་དམག་གིས་བཤད་རྒྱུར། སྐུལ་འོད་མཚོན་ཆ་བཀོད་སྒྲིག་བྱེད་པ་ནི་གཙོ་བོ་འདྲ་མཉམ་མིན་པའི་འཇིགས་ཉེན་ལ་ཁ་གཏད་འབྱེད་པའི་ཆེད་དུ་ཡིན་པ་དང་། དེའི་ནང་མི་བསྡད་མེད་པའི་གནམ་གྲུ་དང་མྱུར་བགྲོད་གྲུ་གཟིངས་སོགས་འདུས་ཟེར།

སྐུལ་འོད་མཚོན་ཆ་དེ་ནུས་ཚད་ཚོམས་བུ་ཕྱིར་བཏང་སྟེ་དམིགས་འབེན་ལ་སྲེག་གཏོར་བྱེད་པ་དང་ཚོར་སྐྱེན་གློག་རྡུལ་མ་ལག་ལ་གཏོར་བརླག་བྱེད་པ་རེད།

ཆི་ཧྥུའུ་ཡིས་བསྟན་དོན། ཨ་མེ་རི་ཁའི་མཚོ་དམག་གིས་སྐུལ་འོད་མཚོན་ཆར་མཐོང་ཆེན་བྱེད་པའི་རྒྱུ་མཚན་ནི་དེའི་གྲོན་དངུལ་དམའ་བས་ཡིན་ཟེར།

ཨ་མེ་རི་ཁའི་ལེ་ཁི་ཞིན་ཏོན་ཞིབ་འཇུག་ཁང་གི་འགོག་སྲུང་ཞིབ་འཇུག་པ་ཐང་མུའུ་སིན་གྱིས་བཤད་རྒྱུར། ཨ་མེ་རི་ཁའི་དམག་གྲུའི་སྟེང་འཕུར་མདའ་བཀག་འགོག་བྱེད་པའི་མདེལ་རེ་སྒྲིག་སྦྱོར་བྱེད་པར་ཉུང་མཐར་ཡང་མེ་སྒོར་ས་ཡ་གཅིག་དགོས་ཀྱང་། སྐུལ་འོད་མཚོན་ཆ་ཐེངས་རེར་འཕེན་གཏོང་བྱེད་པར་མེ་སྒོར་རེ་འགའ་ལས་མི་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག