མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཟླ་གསུམ་པར་རང་དབང་ཉོ་ཚོང་གི་གྲོས་མོལ་ཐེངས་བཞི་བ་སྤེལ་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-19 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས18ཉིན་ཝ་ཧྲིན་ཏོན་ནས་ཚོགས་ཡུན་ཉིན་གཉིས་ཡིན་པའི་ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་རང་དབང་ཉོ་ཚོང་གི་གྲོས་མོལ་འཕེལ་རིམ་གྱི་དཔྱད་འཇོག་གྲོས་ཚོགས་མཇུག་སྒྲིལ་ཏེ། ཟླ་གསུམ་པར་པུའུ་ལུའུ་སེར་ནས་སྤེལ་རྒྱུ་ཡིན་པའི་རང་དབང་ཉོ་ཚོང་གི་གྲོས་མོལ་ཐེངས་བཞི་བར་ཁ་ཕྱོགས་གསལ་བོར་བསྟན།

ཨ་མེ་རི་ཁའི་ཉོ་ཚོང་འཐུས་མི་ཧྥོ་ལོ་མན་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། འདས་པའི་ཉིན་གཉིས་ཀྱི་ནང་། ཁོས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཉོ་ཚོང་ཨུ་ཡོན་ཏི་ཀུའུ་ཧི་ཐི་དང་མཉམ་དུ་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཉོ་ཚོང་དང་དངུལ་གཏོང་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་སྐོར་ཐེངས་སྔ་མ་གསུམ་གྱི་གྲོས་མོལ་ནས་བླངས་པའི་གྲུབ་འབྲས་ལ་དཔྱད་འཇོག་བྱས་པ་དང་། མ་འོངས་པའི་ཕྱོགས་གཉིས་ཀྱི་གྲོས་མོལ་ལ་འབྲེལ་བ་ཡོད་པའི་གྲོས་གཞི་རེ་འགའི་ཐད་ནས་བརྗེ་རེས་བྱས་ཟེར།

ཧྥོ་ལོ་མན་གྱིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་གཉིས་ཀྱིས་ཇི་ལྟར་ཚོང་རྫས་ཚང་མའི་སྒོ་ཁྲལ་མེད་པར་བཟོ་བ་དང་། དགོས་མེད་ཀྱི་ལྟ་རྟོག་དོ་དམ་གྱི་བར་ཁྱད་ཇེ་ཉུང་དུ་གཏོང་བ། གཙང་སྦྲ་དང་བདེ་འཇགས། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ལྟ་རྟོག་དོ་དམ་ཚད་གཞི་སྲུང་འཛིན་བྱེད་པ་དང་ཞབས་ཞུའི་ཉོ་ཚོང་རྒྱ་བསྐྱེད་པའི་ཐད་ནས་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་བལྟས་ན། མ་འོངས་པའི་ཟླ་ངོ་འགའི་གྲོས་མོལ་ལ་གྲུབ་འབྲས་ཆེན་པོ་ཐོབ་པའི་གོ་སྐབས་ཡོད་ལ་འགྲན་རྩོད་ཀྱང་དེ་བཞིན་གནས་ཡོད་པས། ཕྱོགས་གཉིས་ཀྱིས་རླབས་ཆེ་ཞིང་ཡོངས་ཁྱབ་རང་བཞིན་ལྡན་པའི་རང་དབང་ཉོ་ཚོང་གྲོས་ཆོད་འགོད་པའི་ཆབ་སྲིད་ཀྱི་རེ་འདུན་སྔར་དྲག་པོ་ཡོད་པར་འདོད། ཕྱོགས་གཉིས་ཀྱིས་སྐོར་ཐེངས་རྗེས་མའི་རང་དབང་ཉོ་ཚོང་གི་གྲོས་མོལ་དེ་ཟླ་གསུམ་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་བཞིའི་ཉིན་བར་པུའུ་ལུའུ་སེར་ནས་སྤེལ་རྒྱུར་འཐད་པ་བྱུང་།

ཧྥོ་ལོ་མན་གྱིས་ད་རུང་བསྟན་དོན། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་པུའུ་ལུའུ་སེར་ནས་སྤེལ་རྒྱུ་ཡིན་པའི་ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁའི་མཐོ་རིམ་གྲོས་ཚོགས་སྐབས་སུ་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕའེ་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་གཉིས་དང་མཉམ་དུ་ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་རང་དབང་ཉོ་ཚོང་གྲོས་མོལ་གྱི་འཕེལ་རིམ་ཐད་ནས་བརྗེ་རེས་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་གཉིས་ཀྱིས་ད་རུང་སྒོ་ཁྲལ་ཇེ་ཉུང་དུ་གཏོང་བའི་གྲོས་གཞི་ཐོག་མར་བཏོན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁ་ནས་ཐོན་པའི་ཚོང་རྫས་བརྒྱ་ཆའི་དགུ་བཅུ་ལྷག་གི་སྒོ་ཁྲལ་མེད་པར་བཟོ་བའི་གྲོས་གཞི་བཏོན་ཡང་། ཨ་མེ་རི་ཁས་དེ་མཚུངས་ཀྱི་སྒོ་ཁྲལ་མེད་པར་བཟོ་བའི་གྲོས་གཞི་བཏོན་མེད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག