མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧིན་རྡུ་ཉི་ཞི་ཡཱའི་ཕྱི་འབྲེལ་བློན་ཆེན་མཱ་ཏིས་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་གྲོས་མོལ་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-18 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་ཉི་ཞི་ཡཱའི་ཕྱི་འབྲེལ་བློན་ཆེན་མཱ་ཏིས་དང་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་ཚེས17ཉིན་ཡཱ་ཅཱ་ཏཱ་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ཇི་ལྟར་ལེགས་བཅོས་བྱེད་པའི་ཐད་ནས་གྲོས་མོལ་བྱས།

ཁི་ལེ་ཡིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། ང་ཚོས་རྒྱལ་ཁབ་གཉིས་ཀྱི་དངུལ་གཏོང་དང་མཉམ་ལས་ལ་ཕན་པའི་ཆ་རྐྱེན་ཇི་ལྟར་བསྐྲུན་པའི་གནད་དོན་ལ་གྲོས་བསྡུར་བྱས། དངུལ་གཏོང་ལས་གཞན་ད་རུང་ཉོ་ཚོང་དང་སློབ་གསོ། ནམ་ཟླའི་འགྱུར་ལྡོག ནུས་ཁུངས་སོགས་ཐད་ཀྱི་མཉམ་ལས་གནད་དོན་ལའང་གྲོས་བསྡུར་བྱས་ཟེར།

ཁི་ལེ་ཡིས་ད་རུང་ཧིན་རྡུ་ཉི་ཞི་ཡཱའི་ཨེ་ཤ་ཡཱ་ཤར་ལྷོའི་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་ཡར་སྐུལ་བྱེད་པའི་མགོ་ཁྲིད་གོ་གནས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཁི་ལེ་ཡིས་ཚེས16ཉིན་ཡཱ་ཅཱ་ཏཱ་ནས་གཏམ་བཤད་སྤེལ་སྐབས་བསྟན་དོན། འཛམ་གླིང་གི་ས་ཁུལ་སོ་སོར་ཟིན་ཐོ་ལས་བརྒལ་བའི་ཐན་པ་དང་ཆུ་ལོག་སོགས་དུས་མིན་གྱི་ནམ་ཟླ་རབ་དང་རིམ་པ་བྱུང་ཡོད་པས། རྒྱལ་ཁབ་སོ་སོས་སྔ་མོ་ནས་བྱེད་ཐབས་སྤྱད་དེ་སའི་གོ་ལ་ཇེ་དྲོར་འགྲོ་བའི་གནད་དོན་ཐག་གཅོད་བྱེད་དགོས། རྒྱུ་མཚན་ནི་ནམ་ཟླའི་འགྱུར་ལྡོག་ནི་འཛམ་གླིང་སྟེང་ཆེས་ཡ་ང་ཞིང་གསོད་རྨས་རང་བཞིན་ཆེས་ཆེར་ལྡན་པའི་མཚོན་ཆ་ལྟ་བུ་ཞིག་ཡིན་པས་རེད་ཟེར།

ཁི་ལེ་ཡི་ལས་རོགས་པས་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡཱ་རྒྱལ་ཁབ་དེ་ཁི་ལེ་ཡི་ནམ་ཟླའི་འགྱུར་ལྡོག་དང་འབྲེལ་བའི་གཏམ་བཤད་རབ་དང་རིམ་པའི་མགོ་རྩོམ་སར་བྱས་པའི་རྒྱུ་མཚན་ནི་གླིང་ཚོམས་ཁྲི་གཅིག་དང་སྟོང་བདུན་ཡོད་པའི་རྒྱལ་ཁབ་དེར་མཚོ་ངོས་ཇེ་མཐོར་འགྲོ་བའི་འཇིགས་ཉེན་ཐེབས་སྲིད་པས་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག