མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོའི་གནས་སྐོར་བ3ཨེ་ཅིབ་ནས་རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-17 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་ཞི་ནཱ་ཕྱེད་གླིང་གི་བདེ་འཇགས་སྡེ་ཁག་གིས་ཚེས16ཉིན་བཤད་རྒྱུར། གནས་སྐོར་བའི་རླངས་འཁོར་ཞིག་ལ་ཉིན་དེར་ཞི་ནཱ་ཕྱེད་གླིང་གི་ཐཱ་པཱ་གྲུ་ཁའི་ཉེ་འདབས་ནས་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཧན་གོའི་གནས་སྐོར་བ3དང་ཨེ་ཅིབ་ཀྱི་ཁ་ལོ་བ་ཞིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཉུང་མཐར་ཡང་མི13ལ་རྨས་ཕོག་ཡོད་ཟེར།

གནས་ཚུལ་ཤེས་མཁན་དེས་གསར་འགོད་པར་བཤད་རྒྱུར། ཉིན་དེར་ཕྱི་རྒྱལ་གྱི་གནས་སྐོར་བ་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་ཐཱ་པཱ་གྲུ་ཁའི་མགྲོན་ཁང་ཞིག་གི་ཉེ་འདབས་ནས་འགས་གཏོར་བྱུང་ཟེར། ཨེ་ཅིབ་གསང་འཕྲིན་སྡེ་ཁག་ནས་ཤེས་པའི་གནས་ཚུལ་ལྟར་ན། གནས་སྐོར་བའི་རླངས་འཁོར་དེ་སྔོན་ནས་སྦས་ཡོད་པའི་འགད་རྫས་ལ་འཕྲད་ནས་འགས་གཏོར་བྱུང་བ་རེད་ཟེར་ཡང་། འགས་གཏོར་སྒྲིག་ཆས་དེ་འགྲུལ་སྐྱེལ་རླངས་འཁོར་ནང་དུ་བཞག་ཡོད་པར་བསྒྲགས་མཁན་ཡང་ཡོད།

ཨེ་ཅིབ་འཕྲོད་བསྟེན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཁཱ་མེད་ལེ་ཡིས་ཉིན་དེར་གསར་འགོད་པར་བསྟན་དོན། ཨེ་ཅིབ་ཀྱི་ཁ་ལོ་བ་ཞིག་ལས་གཞན་འགས་གཏོར་དོན་རྐྱེན་ཁྲོད་ཤི་རྨས་ཐེབས་པའི་མི་ཚང་མ་ཧན་གོའི་མི་རེད་ཟེར། ཨེ་ཅིབ་ཞི་ནཱ་མྱུར་སྐྱོང་ལྟེ་གནས་ཀྱི་འགན་ཁུར་བ་ཞེ་ཧྲ་མུའུ་ཡིས་བཤད་རྒྱུར། ཤི་རྨས་ཐེབས་པའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།

ཨེ་ཅིབ་དམག་ཕྱོགས་ཀྱིས་ན་ནིང་ཙུང་ཐུང་མུའུ་ཨར་ཞི་ཡི་ལས་འགན་བླངས་རྗེས། ཨེ་ཅིབ་རྒྱལ་ནང་དུ་དྲག་ཤུགས་འཁྲུག་རྩོད་རྒྱུན་ཆད་མེད་པར་བྱུང་སྟེ། ཞི་ནཱ་ཕྱེད་གླིང་གི་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་སོང་བ་དང་། ཐལ་སྤྱོད་དྲག་ཆས་ཉེས་ཅན་གྱིས་ཞིབ་བཤེར་ས་ཚིགས་དང་་ཉེན་རྟོག་ཅུའུ་སོགས་ལ་འཇབ་རྒོལ་ཐེངས་མང་བོར་བྱས་ཏེ་མི་སྣ་ཤི་རྨས་ཚབས་ཆེན་བཟོས་མྱོང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག