མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ལེ་པཱ་ནུན་གྱི་སྲིད་གཞུང་གསར་བ་བཙུགས་པར་དགའ་བསུ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས15ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་བསྒྲགས་སྤེལ་ནས། ལེ་པཱ་ནུན་གྱི་སྲིད་གཞུང་གསར་བ་ཉིན་དེར་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས་པར་དགའ་བསུ་ཞུས་པ་དང་།ཙུང་ལི་གསར་བ་སཱ་ལཱ་མུའུ་ཡིས་སྲིད་གཞུང་རྩ་འཛུགས་བྱེད་པའི་བྱ་བ་གཙོ་བོ་དེ་ཡོངས་འགྲུབ་བྱས་པར་རྟེན་འབྲེལ་ཞུས།

གསལ་བསྒྲགས་ལས་བཤད་རྒྱུར།ཕན་ཅི་ཝུན་གྱིས་ལེ་པཱ་ནུན་གྱི་ཆབ་སྲིད་ཕྱོགས་ཁག་སོ་སོའི་མགོ་ཁྲིད་པས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲུབ་འབྲས་དེའི་རྨང་གཞིའི་སྟེང་སྔར་ལས་འབད་བརྩོན་བྱས་ཏེ། མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་དུས་ཡུན་ནང་བདེ་བླག་གིས་སྤེལ་བར་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་། ཕན་ཅི་ཝུན་གྱིས་སྔོན་ཆད་ཀྱི་ཙུང་ལི་མུས་ཁཱ་ཐིས་ལ་གུས་སེམས་བསྟན།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲིད་གཞུང་གསར་བ་དང་མཉམ་དུ་ལེ་པཱ་ནུན་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་ཕན་ནུས་ལྡན་པའི་སྒོ་ནས་ལེ་པཱ་ནུན་གྱི་བརྟན་འཇགས་ལ་གལ་འགངས་ཆེ་བའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལག་བསྟར་བྱེད་པར་འགན་སྲུང་གང་ལེགས་བྱེད་པའི་ཐད་ནས་མཉམ་ལས་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། ལེ་པཱ་ནུན་གྱི་བདེ་འཇགས་དང་མི་ཆོས་རིང་ལུགས། དཔལ་འབྱོར་འགྲན་རྩོད་བཅས་ཀྱི་ཚབས་ཆེན་རང་བཞིན་ལ་དམིགས་ཏེ། ཕན་ཅི་ཝུན་གྱིས་སྲིད་གཞུང་གསར་བས་ཕྱོགས་སོ་སོའི་ཤུགས་ཆེན་གྱི་རྒྱབ་སྐྱོར་འོག་མྱུར་དུ་འགུལ་སྐྱོད་སྤེལ་ནས་འགྲན་རྩོད་དེ་དག་ཐག་གཅོད་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།

ལེ་པཱ་ནུན་གྱི་ཙུང་ཐུང་སུའུ་ལེ་མན་གྱིས་ཚེས་བཅོ་ལྔ་ཉིན་ཙུང་ཐུང་བཀའ་རྒྱ་བཏང་སྟེ།སཱ་ལཱ་མུའུ་ཙུང་ལི་ཡིན་པའི་ལེ་པཱ་ནུན་གྱི་སྲིད་གཞུང་གསར་བ་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག