མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ལ་དམག་མི་བཞི་བརྒྱ་ཁ་སྣོན་བྱེད་རྒྱུ་ཐག་བཅད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཚེས་བཅུ་བཞིའི་ཉིན་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ལ་དམག་མི་བཞི་བརྒྱ་ཁ་སྣོན་བྱེད་རྒྱུ་ཐག་བཅད་པ་དང་། དེ་བས་ཨ་ཧྥེ་རི་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཏུ་ཡོད་པའི་ཧྥ་རན་སིའི་དམག་མིའི་ཁ་གྲངས་གནས་སྐབས་སུ་སྟོང་གཉིས་ལ་བསླེབ་ཡོད་པ་རེད།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་བཞིའི་ཉིན་སྤྱི་སྒྲོག་སྤེལ་ཏེ། ཉིན་དེར་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་མགོ་འཛིན་བྱས་ཏེ་ཁྱབ་རྒྱ་ཆུང་བའི་རྒྱལ་སྲུང་གྲོས་ཚོགས་ཐེངས་ཤིག་བསྡུས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཧྥ་རན་སི་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ལ་དམག་མི་ཁ་སྣོན་བྱས་ཏེ་རྒྱལ་ཁབ་དེའི་ཟང་ཟིང་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་རེ་བ་དང་ལེན་བྱེད་རྒྱུ་ཐག་བཅད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཁ་སྣོན་བྱས་པའི་དམག་མིའི་ཁྲོད་འཐབ་མོ་བ་དང་དམག་སྲིད་ཉེན་རྟོག་དམག་འདུས་པ་དང་། གལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དག་གིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ནས་དམག་དོན་འགུལ་སྐྱོད་སྤེལ་ན་ཁ་སྣོན་བྱས་པའི་དམག་མི་དེ་དག་དམག་དོན་འགུལ་སྐྱོད་ལ་ཞུགས་རྒྱུ་ཡིན་ཟེར།

སྤྱི་སྒྲོག་ལས་བསྟན་དོན། ཧྥ་རན་སི་རྒྱལ་ཁབ་ཀྱིས་ན་ནིང་ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་ནས་བཟུང་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ནས་དམག་དོན་འགུལ་སྐྱོད་སྤེལ་བའི་དམིགས་ཡུལ་ནི། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དམག་དཔུང་དང་མཉམ་དུ་དམར་གསོད་ཆེན་མོ་དང་འཐབ་འཁྲུག་གི་ཉེས་སྤྱོད་ལ་བཀག་འགོག་བྱེད་པ་དང་། མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་ཟེར།

ཧྥ་རན་སི་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་མགོ་ཁྲིད་པའི་རྒྱལ་སྤྱིའི་རོགས་སྐྱོར་ཚོགས་པར་རྒྱབ་སྐྱོར་བྱས་པར་དགའ་བསུ་ཞུས་པ་དང་། རྒྱལ་སྤྱིའི་རོགས་སྐྱོར་ཚོགས་པར་སྔར་ལས་ལྷག་པའི་ནུས་པ་ལྡན་པར་མ་ཟད་འགུལ་སྐྱོད་ཁྱབ་ཁོངས་ཀྱང་སྔར་ལས་ཇེ་ཆེར་འགྲོ་བར་རེ་བས་ཁེངས་ཡོད་ཟེར། ཧྥ་རན་སི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་ལྷག་པར་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག