མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་ཁྲའོ་ཞན་དང་ཧན་གོས་དུས་བཅད་ལྟར་ཁ་ཐོར་དུ་སོང་བའི་གཉེན་ཉེ་ལྷན་འཛོམས་བྱེད་པའི་བྱ་འགུལ་སྤེལ་བར་འཐད་པ་བྱུང་བར་དགའ་བསུ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས་བཅུ་བཞིའི་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཁྲའོ་ཞན་དང་ཧན་གོས་ཉིན་དེར་དུས་བཅད་ལྟར་ཟླ་འདིའི་ཚེས་ཉི་ཤུའི་ཉིན་ནས་ཚེས་ཉེར་ལྔའི་ཉིན་བར་ཅིན་ཀང་རི་བོ་ནས་ཁ་ཐོར་དུ་སོང་བའི་གཉེན་ཉེ་ལྷན་འཛོམས་བྱེད་པའི་བྱ་འགུལ་སྤེལ་བར་འཐད་པ་བྱུང་བར་དགའ་བསུ་ཞུས།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་བུན་གྱིས་གནས་ཚུལ་དེ་ཤེས་རྗེས་དགའ་སྤྲོ་ཆེན་པོ་སྐྱེས་པ་དང་། གྲུབ་འབྲས་གལ་ཆེན་དེ་ནི་ཡང་དག་པའི་ཕྱོགས་སུ་བསྐྱོད་པའི་གོམ་ཁ་དང་པོ་ཡིན་པར་འདོད། ཕན་ཅི་བུན་གྱིས་ཁྲའོ་ཞན་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་མཐོ་རིམ་བར་འབྲེལ་འདྲིས་བྱེད་པའི་སྣང་ཚུལ་དེ་སྲུང་འཛིན་བྱས་ཏེ། ཡིད་ཆེས་ཇེ་ཆེར་འགྲོ་བའི་ཐད་བྱེད་ཐབས་སྔར་ལས་ནུས་ལྡན་སྤྱོད་དགོས་པའི་སྐུལ་མ་བཏང་།

ཕན་ཅི་བུན་གྱིས་མུ་མཐུད་དུ་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་དང་འཕེལ་རྒྱས། བརྟན་འཇགས། དེ་མིན་ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་ལེགས་བཅོས་བྱེད་པ་བཅས་ཀྱི་ཐད་བྱས་རྗེས་འཇོག་འདོད་ཡོད་པ་བསྐྱར་སྒྲོག་བྱས།

ཧན་གོ་དང་ཁྲའོ་ཞན་གྱི་རྒྱ་གྲམ་དམར་པོ་ཚོགས་པས་ཚེས་ལྔ་ཉིན་གྲོས་མོལ་བྱས་ཏེ་ཟླ་འདིའི་ཚེས་ཉི་ཤུའི་ཉིན་ནས་ཚེས་ཉེར་ལྔའི་ཉིན་བར་ཁྲའོ་ཞན་གྱི་ཅིན་ཀང་རི་བོ་ནས་ཁ་ཐོར་དུ་སོང་བའི་གཉེན་ཉེ་ལྷན་འཛོམས་བྱེད་པའི་བྱ་འགུལ་སྤེལ་རྒྱུའི་གྲོས་ཐག་བཅད། ཁྲའོ་ཞན་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་སྲིད་ཇུས་ཅུའུ་ཡི་མགྲིན་ཚབ་པས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཧན་གོ་དང་ཨ་མེ་རི་ཁས་ཟླ་གཉིས་པའི་ཟླ་མཇུག་ལ་སྤེལ་རྒྱུ་ཡིན་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མེད་པར་བཟོ་དགོས་པའི་སྐུལ་མ་བཏང་བར་མ་ཟད། ཁྲའོ་ཞན་དང་ཧན་གོས་ཁ་ཐོར་དུ་སོང་བའི་གཉེན་ཉེ་ལྷན་འཛོམས་བྱེད་པའི་ཐད་ནས་བཀོད་པའི་གྲོས་མཐུན་ལ་ཡར་བསྐྱར་བསམ་གཞིག་བྱེད་རྒྱུའི་ཚུལ་བསྟན། ཚེས་བཅུ་བཞིའི་ཉིན་ཁྲའོ་ཞན་དང་ཧན་གོ་ཕྱོགས་གཉིས་ཀྱིས་སྔོན་ནས་གཏན་འཁེལ་བྱས་པའི་འཆར་གཞི་ལྟར་ཁ་ཐོར་དུ་སོང་བའི་གཉེན་ཉེན་ལྷན་འཛོམས་བྱེད་པའི་བྱ་འགུལ་སྤེལ་བར་འཐད་པ་བྱུང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག