མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་བུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ས་ཁོངས་རྩ་འཛུགས་ཀྱིས་མཉམ་འབྲེལ་སྒོས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-16 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས་བཅུ་བཞིའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ། ཡོ་རོབ་གླིང་མནའ་འབྲེལ་སོགས་ས་ཁོངས་རང་བཞིན་གྱི་རྩ་འཛུགས་བར་གྱི་མཉམ་ལས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། མཉམ་འབྲེལ་སྒོས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་དང་ས་ཁོངས་གཙོ་ཕལ་གང་རུང་གི་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་མཉམ་ལས་ཐད་ནས་གྲོས་ཚོགས་བསྡུས། ཕན་ཅི་བུན་གྱིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། གཞི་རྒྱ་ཆེ་བའི་དྲག་སྤྱོད་ཀྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཟང་ཟིང་དུ་བཏང་བ་དང་། ཡ་ང་བའི་དྲག་ཤུགས་བྱ་སྤྱོད་སྣ་ཚོགས་དུས་ངེས་མེད་དུ་འབྱུང་བཞིན་ཡོད་པས། ང་ཚོས་ངེས་པར་དུ་འབད་བརྩོན་ལྷོད་མེད་བྱས་ཏེ་དྲག་སྤྱོད་དང་འཁོན་ལན་སྤྲོད་པའི་དྲག་ཤུགས་བྱ་འགུལ་འབྱུང་བར་བཀག་འགོག་གང་ལེགས་བྱེད་དགོས་ཟེར།

ཕན་ཅི་བུན་གྱིས་བསྟན་དོན། ཉམས་ཉེན་ཁྲོད་དུ་གནས་པའི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཉེན་ཁ་གཞན་པར་ཡང་འཕྲད་ཡོད། མི་རབས་འགས་རྩ་འཛུགས་བྱས་པའི་སྤྱི་ཚོགས་གྲུབ་ཚུལ་ལ་གས་ཆག་ཤོར་བཞིན་ཡོད་པ་དང་། གལ་ཏེ་བཀག་འགོག་མ་བྱས་ན་ལོ་རྒྱུས་སྟེང་དྲག་ཤུགས་འཁྲུག་རྩོད་བྱུང་མ་མྱོང་བའི་ས་ཁུལ་དེ་ཉམས་རྒུད་དང་འཁྲུག་རྩོད་ཀྱི་གནས་སུ་ལྷུང་ངེས་རེད་ཟེར།

ཕན་ཅི་བུན་གྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་དང་མཉམ་དུ་འགུལ་སྐྱོད་ནུས་ལྡན་སྤྱད་དེ། རྒྱལ་ཁབ་དེར་བྱུང་བའི་ཡ་ང་བའི་དྲག་སྤྱོད་ལ་བཀག་འགོག་བྱེད་དགོས། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ལ་མཁོ་གལ་ཆེས་ཆེ་བའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་ཡོ་རོབ་གླིང་མནའ་འབྲེལ། དེ་མིན་ས་ཁོངས་གཞན་པའི་རྩ་འཛུགས་བར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ལ་རོགས་རམ་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག