མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཏུ་མྱུར་དུ་ཞི་བདེ་སྲུང་སྐྱོབ་དམག་དཔུང་བཀོད་སྒྲིག་བྱེད་དགོས་པའི་རེ་བ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-14 12:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཚེས13ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་ལ་ཁ་པར་བཏང་སྟེ། ཨ་ཧྥེ་རི་ཁ་དབུས་མའི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མྱུར་བ་མྱུར་དུ་ཨ་ཧྥེ་རི་ཁ་དབུས་མར་ཞི་བདེ་སྲུང་སྐྱོབ་དམག་དཔུང་བཀོད་སྒྲིག་བྱེད་དགོས་པའི་རེ་བ་བཏོན།

ཨོ་ལིང་ཏི་ཡིས་ཁ་པར་གཏོང་སྐབས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བའི་གྲོས་ཆོད་ལ་གྲོས་མཐུན་བཀོད་པ་དང་། མིག་སྔར་ངེས་པར་དུ་འབྲེལ་ཡོད་གྲོས་ཆོད་དངོས་འབེབ་བྱེད་དགོས་ལ། ཁྱད་པར་དུ་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་བར་མཉམ་ལས་ཟབ་མོ་བྱས་ཏེ་རྒྱལ་ཁབ་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ཀྱི་འགུལ་སྐྱོད་སྤེལ་དགོས་ཟེར། ཨོ་ལིང་ཏི་ཡིས་ཕན་ཅི་བུན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་པའི་སྐུལ་སློང་བྱས་པར་དགའ་བསུ་ཞུས། ཨོ་ལིང་ཏི་ཡིས་བལྟས་ན། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་གནས་སྐབས་ཙུང་ཐུང་སང་པཱ་ཕན་ཀྲ་ཡི་མགོ་ཁྲིད་འོག་རྒྱལ་ཁབ་ཀྱི་སྙན་གྲགས་སླར་གསོ་བྱེད་དགོས་པར་མ་ཟད། རྒྱལ་ཁབ་དེའི་སྲིད་གཞུང་གིས་འདེམ་བསྐོའི་བྱ་འགུལ་རྩ་འཛུགས་བྱེད་པར་རོགས་རམ་བྱེད་དགོས་པར་འདོད། ཨོ་ལིང་ཏི་ཡིས་ད་རུང་བསྟན་དོན། རྒྱལ་སྤྱིའི་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གིས་མྱུར་དུ་བྱ་བ་སྤེལ་ཏེ། དྲག་སྤྱོད་ལ་རྟོག་ཞིབ་བྱས་ནས་ནག་ཉེས་བཟོས་ཀྱང་ཆད་པ་མི་གཅོད་པའི་སྣང་ཚུལ་ལ་བཀག་འགོག་བྱེད་དགོས་ཟེར།

ཨོ་ལིང་ཏི་ཡིས་ཁ་པར་གཏོང་སྐབས་ཧྥ་རན་སི་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁ་དབུས་མར་དམག་མི་ཁ་སྣོན་བྱེད་མིན་བཤད་མེད།

བསྒྲགས་པའི་གནས་ཚུལ་ལྟར་ན། ཕན་ཅི་བུན་གྱིས་ཚེས11ཉིན་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི་ལ་ཁ་པར་བཏང་སྟེ། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁ་དབུས་མར་དམག་མི་ཁ་སྣོན་བྱས་ཏེ་རྒྱལ་ཁབ་དེའི་ཟང་ཟིང་གི་གནས་བབ་ཞི་འཇགས་སུ་གཏོང་བར་བསམ་བློ་གཏོང་དགོས་པའི་རེ་བ་བཏོན། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ནཱ་ཏཱ་ཨར་གྱིས་ཚེས12ཉིན་བསྟན་དོན། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཏུ་དམག་མི་ཁ་སྣོན་བྱེད་རྩིས་མེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་དམག་མིས་རྒྱལ་ཁབ་དེའི་གནས་བབ་ཞི་འཇགས་སུ་འགྲོ་བར་རོགས་རམ་བྱེད་པར་རེ་བས་ཁེངས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག