མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གིས་འདྲ་མཉམ་མིན་པ་དང་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱེད་པར་བརྩོན་ལེན་བྱེད་རྒྱུའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-14 12:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མཱ་ཡིས་ཚེས13ཉིན་བསྟན་དོན། སྲིད་གཞུང་གི་ཕྱིན་ཆད་ཀྱི་བྱ་བའི་གཙོ་གནད་ནི་འདྲ་མཉམ་མིན་པ་དང་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་སྔར་ལས་མང་བའི་ལས་ཞུགས་གོ་སྐབས་བསྐྲུན་རྒྱུ་དེ་ཡིན་ཟེར།

ཙུའུ་མཱ་ཡིས་ཉིན་དེར་གྲོས་ཁང་ནས་རྒྱལ་ཁབ་ཀྱི་གནས་ཚུལ་བརྗོད་པའི་སྙན་ཞུའི་ནང་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མས་རིགས་རྒྱུད་ཀྱི་ཁྱད་པར་མེད་པར་བཏང་ནས་ལོ་ངོ་ཉི་ཤུ་འགོར་ཡོད་ཀྱང་། སྔར་བཞིན་འདྲ་མཉམ་མིན་པ་དང་དབུལ་ཕོངས། ལས་ཤོར་གྱི་ཚད་མཐོ་བ་སོགས་ཀྱི་འགྲན་རྩོད་ཆེན་པོར་འཕྲད་ཡོད་པས། སྲིད་གཞུང་གིས་ངེས་པར་དུ་འབད་བརྩོན་ཆེན་པོ་བྱས་ཏེ། ཨ་ཧྥེ་རི་ཁ་ལྷོ་མར་གནོད་པ་བཟོ་བའི་གནད་དོན་ཆེན་པོ་དེ་གསུམ་རྩ་བ་ནས་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

ཙུའུ་མཱ་ཡིས་བཤད་རྒྱུར། སྲིད་གཞུང་གིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་གཏན་འབེབས་བྱས་ཏེ། ཉིས་སྟོང་སུམ་ཅུ་ལོའི་སྔོན་ལ་དབུལ་ཕོངས་སེལ་བ་དང་འདྲ་མཉམ་མིན་པའི་སྣང་ཚུལ་ཇེ་ཉུང་དུ་གཏོང་བ། ལས་ཞུགས་ཇེ་མང་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་ཡིན། དེ་བས་སྲིད་གཞུང་གིས་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་དང་འཕྲོད་བསྟེན་ཞབས་ཞུ་ལེགས་བཅོས་བྱེད་པ། ནག་ཉེས་ལ་ཆམ་ཕབ་ནན་མོ་གཏོང་བ། ཞིང་སྡེའི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ། ས་ཞིང་བཅོས་བསྒྱུར་མངོན་འགྱུར་བྱེད་པ། བྱ་བའི་གོ་སྐབས་བཟང་བོ་བསྐྲུན་པ་བཅས་ཕྱོགས་འགའི་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར། ཁོས་བསྟན་དོན། སྲིད་གཞུང་གི་དམིགས་འབེན་ནི་ཉིས་སྟོང་བཅུ་དགུ་ལོའི་བར་ལས་ཞུགས་གོ་སྐབས་ས་ཡ་དྲུག་བསྐྲུན་རྒྱུ་དེ་ཡིན་ཟེར།

ཙུའུ་མཱ་ཡིས་བསྟན་དོན། སྲིད་གཞུང་གིས་མི་ནག་སྡོད་ཁུལ་གྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་ཏེ། འཚོ་བར་མཁོ་བའི་གློག་དང་དག་གཙང་གི་འཐུང་ཆུ། བཙོག་ཆུ་ཕྱིར་འདོན་སྒྲིག་ཆས། སྡོད་ཁང་བཟང་བོ་སོགས་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། སྲིད་གཞུང་གིས་མུ་མཐུད་དུ་གཏེར་འདོན་བཟོ་བ་དང་གཏེར་ལས་ཀུང་ཟིའི་རྩོད་གླེང་ཐག་གཅོད་བྱས་ནས། དུས་ཡུན་རིང་བོ་འགོར་བའི་ལས་བྱོལ་ཞི་འཇགས་སུ་བཏང་ནས་གཏེར་ལས་ཁྱབ་ཁོངས་ཀྱི་བརྟན་འཇགས་སླར་གསོ་བྱེད་རྒྱུ་ཡིན་ཟེར། ཁོས་སྤྱི་ཚོགས་ཡོངས་ཀྱིས་སྲིད་གཞུང་དང་མཉམ་དུ་འབད་བརྩོན་བྱས་ཏེ་དམིགས་འབེན་དེ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕྱི་ཕྱོགས་འབྲེལ་བ་གླེང་སྐབས་ཙུའུ་མཱ་ཡིས་བསྟན་དོན། ཨ་ཧྥེ་རི་ཁ་ལྷོ་མས་མུ་མཐུད་དུ་ཨ་ཧྥེ་རི་ཁ་གླིང་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་པ་དང་། ཡོ་རོབ་གླིང་དང་མེ་གླིང་བྱང་མ། ལཱ་ཏེན་མེ་གླིང་། ཨེ་ཤ་ཡཱ་གླིང་བཅས་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་བའི་ཞོར་དུ་སྔར་ལས་ལྷག་པའི་སྒོ་ནས་གསེར་ལྡན་རྒྱལ་ཁབ་བར་གྱི་འབྲེལ་བ་དང་མཉམ་ལས་ལ་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག