མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་གྱིས་ཧན་གོ་དང་ཨ་མེ་རི་ཁའི་དམག་དོན་སྦྱོང་བརྡར་རྗེས་སུ་སྣུར་དགོས་པའི་རེ་བ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-14 12:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་གྱིས་ཚེས12ཉིན་གྱི་ཧན་གོ་དང་ཁྲའོ་ཞན་གྱི་མཐོ་རིམ་གྲོས་མོལ་སྐབས་བསྟན་དོན། ཁ་ཐོར་དུ་སོང་བའི་གཉེན་ཉེ་ལྷན་འཛོམས་བྱེད་པའི་བྱ་འགུལ་དུས་ལྟར་སྤེལ་བར་འཐད་པ་ཡིན་ཡང་། ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་དེ་ཁ་ཐོར་དུ་སོང་བའི་གཉེན་ཉེ་ལྷན་འཛོམས་བྱེད་པའི་བྱ་འགུལ་གྱི་རྗེས་སུ་སྣུར་དགོས་པའི་རེ་བ་བཏོན། ཧན་གོའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཅིན་མེན་ཧྲི་ཡིས་ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་ནི་ལོ་རེའི་རྒྱུན་ལྡན་གྱི་འགོག་སྲུང་རང་བཞིན་གྱི་དམག་དོན་སྦྱོང་བརྡར་ཅིག་ཡིན་པ་དང་། དེ་དང་མི་ཆོས་རིང་ལུགས་ཀྱི་ནང་དོན་ལྡན་པའི་ཁ་ཐོར་དུ་སོང་བའི་གཉེན་ཉེ་ལྷན་འཛོམས་བྱེད་པའི་བྱ་འགུལ་མཉམ་དུ་གླེང་བ་ནི་ལུགས་དང་མི་མཐུན་པ་ཞིག་རེད་ཟེར། དོན་དངོས་སུ་ཁོས་དམག་དོན་སྦྱོང་བརྡར་བྱ་འགུལ་རྗེས་སུ་སྣུར་མི་སྲིད་པའི་རྣམ་འགྱུར་བསྟན་པ་རེད།

ཧན་གོའི་གཅིག་གྱུར་པུའུ་ཡིས་ཚེས13ཉིན་བསྟན་དོན། ཧན་གོ་དང་ཁྲའོ་ཞན་གྱིས་ཚེས14ཡི་ཉིན་གྱི་སྔ་དྲོའི་དུས་ཚོད10ཡི་སྟེང་པན་མིན་མགྲོན་ཁང་གི་ཧན་གོའི་ཕྱོགས་ཀྱི་ཞི་བདེའི་ཁྱིམ་གཞིས་ནས་མཐོ་རིམ་གྲོས་མོལ་ཐེངས་གཉིས་པ་སྤེལ་རྒྱུ་ཐག་བཅད་ཡོད་ཟེར།

ཚེས་བཅུ་གཉིས་ཉིན་ཧན་གོ་དང་ཁྲའོ་ཞན་གྱི་མཐོ་རིམ་གྲོས་མོལ་སྤེལ་རྗེས་ཁྲའོ་ཞན་ཕྱོགས་ཀྱིས་ཚེས་བཅུ་གསུམ་ཉིན་གྱི་ཉིན་གུང་དུས་ཚོད་བཅུ་གཉིས་སྟེང་པན་མིན་མགྲོན་ཁང་བརྒྱུད་དེ་ཧན་གོའི་ཕྱོགས་ལ་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་སྟེང་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུའི་གྲོས་གཞི་བཏོན་པ་རེད། དོན་དེའི་ཐད་ནས་ཧན་གོའི་ཕྱོགས་ཀྱིས་དུས་ཚོད་བྲེལ་བ་ཆེ་བར་ཁ་གཡར་ནས་ཚེས་བཅུ་བཞིའི་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་གྲོས་མོལ་བྱེད་རྒྱུའི་གྲོས་གཞི་བཏོན་པ་དང་། ཁྲའོ་ཞན་ཕྱོགས་ཀྱིས་གྲོས་གཞི་དེ་དང་ལེན་བྱས་པ་རེད། དེ་བས་ཚེས་བཅུ་གཉིས་ཉིན་གྲུབ་འབྲས་ཅི་ཡང་མེད་པར་གྲོལ་བའི་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་གྲོས་ཚོགས་དེ་ཚེས་བཅུ་བཞིའི་ཉིན་མུ་མཐུད་དུ་སྤེལ་རྒྱུ་རེད།

ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་དབྱེ་ཞིབ་བྱས་དོན། ཚོད་དཔག་བྱས་ནས་སྐོར་ཐེངས་གཉིས་པའི་གྲོས་མོལ་སྐབས་ཕྱོགས་གཉིས་ཀྱིས་གཙོ་བོ་ཁ་ཐོར་དུ་སོང་བའི་གཉེན་ཉེ་ལྷན་འཛོམས་བྱེད་དུ་འཇུག་པ་དང་དམག་དོན་སྦྱོང་བརྡར་སོགས་བསམ་འཆར་མི་འདྲ་བ་ཡོད་པའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག