མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ནུབ་ཕྱོགས་རྒྱལ་ཁབ་ཀྱིས་སི་རི་ཡ་ལ་གནོན་ཤུགས་སྟེར་བའི་གྲོས་ཆོད་གསར་བ་ཞིག་འོས་སྦྱོར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-13 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སིས་ངོ་རྒོལ་བྱས་པར་མ་འཛེམས་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་འཆར་ཟིན་འོས་སྦྱོར་བྱས་ཏེ། སི་རི་ཡ་ལ་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་འཇིགས་སྣང་བསླངས་པ་དང་། ཨ་རིའི་ཙུང་ཐུང་ཨོ་པ་མ་ཡིས་མོ་སི་ཁོ་ཕྱོགས་ཀྱིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་མཁོ་བའི་མི་སེར་མང་པོར་རོགས་སྐྱོབ་བྱེད་པའི་འཆར་ཟིན་དེ་ལ་ངོ་རྒོལ་བྱས་པར་སྐྱོན་བརྗོད་ནན་མོ་བྱས།

འཆར་ཟིན་དེའི་ནང་དུ་བདེ་འཇགས་ལྷན་ཚོགས་ཀྱི་འདི་ལྟ་བུའི་ལྟ་བ་ཞིག་གསལ་བཤད་བྱས་ཡོད་དེ། གལ་ཏེ་སི་རི་ཡའི་སྲིད་གཞུང་གིས་ཚད་བཀག་མེད་པར་རྒུད་སྐྱོབ་དངོས་རྫས་དག་དམག་འཁྲུག་གི་གནོད་པ་ཐེབས་པའི་མི་སེར་ལ་སྐྱེལ་དུ་མ་བཅུག་ན་སི་རི་ཡར་བཀག་སྡོམ་བྱེད་སྲིད་པ་དེ་རེད། འཆར་ཟིན་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔ་སྤྲད་ནས་བལྟ་རུ་བཅུག་ཡོད།

ཨུ་རུ་སིས་འཆར་ཟིན་དེར་གྲོས་འཆམ་འབྱུང་བར་བཀག་འགོག་བྱེད་རྒྱུའི་དམ་བཅས་ནའང་། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཁོ་ཚོས་གྲོས་ཆོད་དེ་འདོར་མི་སྲིད་ཅེས་གསལ་བོར་བསྟན།

ཨོ་པ་མ་ཡིས་ཝ་ཧྲིན་ཏོན་ནས་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་དང་མཉམ་དུ་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། བདེ་འཇགས་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མང་ཆེ་ཤོས་ཀྱིས་གྲོས་ཆོད་དེར་རྒྱབ་སྐྱོར་བྱེད་བཞིན་ཡོད་ནའང་། ཨུ་རུ་སིས་དེར་ངོ་རྒོལ་ཆེན་པོ་བྱེད་བཞིན་ཡོད་ཟེར།

ཨོ་པ་མ་ཡིས་བཤད་རྒྱུར། ཨ་རིའི་རྒྱལ་སྲིད་བློན་ཆེན་ཁི་ལེ་སོགས་ཀྱིས་ཨུ་རུ་སི་ལ་གནོན་ཤུགས་བྱིན་ནས། གྲོས་ཆོད་དེར་ངོ་རྒོལ་བྱེད་མཚམས་འཇོག་ཏུ་འཇུག་རྒྱུའི་ཐད་ཀར་གྱི་བརྡ་འཕྲིན་ཞིག་བརྒྱུད་སྤྲོད་བྱས་ཡོད་ལ། གལ་ཏེ་ཁོ་ཚོས་གྲོས་ཆོད་འདིའི་རིགས་ལ་བཀག་འགོག་བྱས་ཚེ། དཀའ་ཁག་ལ་འཕྲད་པ་ནི་སི་རི་ཡའི་མང་ཚོགས་ཁོ་ན་མིན་པར། ཨུ་རུ་སིའི་མང་ཚོགས་ཀྱང་ཡིན་ཟེར། 

 གསར་འགྱུར་ལས་ཁུངས་ཀྱིས་ཚེས་བཅུ་གཉིས་ཉིན་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཅ་ཅི་ལོ་ཧྥུའུ་ཡི་སྐད་ཆ་དྲངས་པ་ལྟར་ན། ཨུ་རུ་སིས་མིག་སྔའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡའི་རོགས་སྐྱོབ་གནད་དོན་ཐད་ཀྱི་གྲོས་ཆོད་འཆར་ཟིན་གྱི་དམིགས་ཡུལ་ནི་ནུབ་ཕྱོགས་ཀྱིས་དྲག་ཤུགས་ལ་བརྟེན་ནས་སི་རི་ཡར་ཐེ་གཏོགས་བྱེད་པར་མཐུན་རྐྱེན་བསྐྲུན་རྒྱུ་དེ་ཡིན་པར་འདོད་ཡོད་པས། འཆར་ཟིན་དེར་བཟོ་བཅོས་མ་བྱས་ན། ཨུ་རུ་སིས་འདེམ་ཤོག་འཕེན་སྐབས་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར།

ཅ་ཅི་ལོ་ཧྥུའུ་ཡིས་ང་ཚོར་མཚོན་ན་མིག་སྔརའི་འཆར་ཟིན་གྱི་ནང་དོན་ནི་དང་ལེན་བྱེད་དཀའ་བས། ང་ཚོ་གྲོས་འཆམ་གཏན་ནས་འབྱུང་མི་སྲིད་ཅེས་བཤད།

སི་རི་ཡའི་མི་རིགས་འགྲིག་མཐུན་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གིས་ཚེས་བཅུ་གཉིས་ཉིན་གསར་འགོད་པར་བཤད་རྒྱུར། སི་རི་ཡའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་འཐུས་ཚབ་ཚོགས་པའི་རི་ནེ་ཝའི་ཞི་བའི་གྲོས་མོལ་དེ་མིག་སྔའི་གནས་ཚུལ་འོག་ཕམ་པར་འགྱུར་སྲིད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་མནའ་འབྲེལ་གྱི་སི་རི་ཡའི་ཉམས་ཉེན་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་པུའུ་ལ་ཞི་མུས་ཀྱིས་ཚེས་བཅུ་གཉིས་ཉིན་རི་ནེ་ཝའི་ཁྲི་རྒྱལ་ཕོ་བྲང་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གཟའ་འཁོར་འདི་ནས་བཟུང་མགོ་བརྩམས་པའི་སི་རི་ཡའི་གནད་དོན་གྱི་སྐོར་ཐེངས་གཉིས་པའི་ཞི་བའི་གྲོས་མོལ་ལ་གྲུབ་འབྲས་མང་པོ་ཐོབ་མེད་ནའང་། ཁོས་སྟོབས་ཤུགས་ཡོད་རྒུས་ཞི་བའི་གྲོས་མོལ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

པུའུ་ལ་ཞི་མུས་ཀྱིས་གལ་ཏེ་གྲོས་མོལ་ལ་གྲུབ་འབྲས་ཐོབ་དགོས་ན། སི་རི་ཡའི་ཕྱོགས་གཉིས་ཀྱིས་མཉམ་ལས་བྱེད་དགོས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེར་རྒྱབ་སྐྱོར་བྱེད་དགོས་པར་འདོད་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག