མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨན་པེ་ཅིན་སན་གྱིས་ཀྲུང་གོ་དང་འཇར་པན་གྱིས་འགོག་སྲུང་འབྲེལ་གཏུག་སྒྲིག་ལུགས་འཛུགས་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-13 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་ཐུན་མོང་གསར་འགྱུར་ཁང་གིས་ཟླ2པའི་ཚེས12ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་ཚེས12ཉིན་དམངས་གྲོས་ཁང་སྔོན་རྩིས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་སྟེང་། ཀྲུང་གོས་རྒྱ་མཚོ་ཤར་མའི་བར་སྣང་ནས་མཁའ་ཁོངས་ཀྱི་རྟགས་བརྒྱབ་པའི་དོན་དག་ཐད་ནས་གཏམ་བཤད་སྤེལ་སྐབས། བློ་ཡུལ་ལས་འདས་པའི་དོན་དག་མི་འབྱུང་བར་བྱེད་ཆེད། འཇར་པན་དང་ཀྲུང་གོའི་འགོག་སྲུང་སྡེ་ཁག་བར་དུ་འབྲེལ་གཏུག་སྒྲིག་ལུགས་འཛུགས་པའི་དགོས་མཁོ་ཆེ་ཞེས་བཤད་ཟེར།

ཨན་པེ་ཅིན་སན་གྱིས་ཀྲུང་གོས་སྒྲིག་ལུགས་དེ་མྱུར་དུ་བཀོལ་སྤྱོད་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད། ཁོས་མཚོ་ཐོག་དང་བསྡུར་ན་བར་སྣང་ནས་བློ་ཡུལ་ལས་འདས་པའི་དོན་དག་དང་འཁྲུག་རྩོད་འབྱུང་བའི་ཉེན་ཁ་ཆེ་བས། འགོག་སྲུང་སྡེ་ཁག་གི་མི་སྣས་གྲོས་མོལ་བྱེད་པའི་དགོས་མཁོ་ཧ་ཅང་ཆེ་ཞེས་བཤད།

འཇར་པན་གྱི་འགོག་སྲུང་བློན་ཆེན་ཞའོ་ཡེ་སི་ཝུའུ་ཏེན་གྱིས་ཚོགས་མིའི་ཏང་གི་གྲོས་སྡུར་བ་ཞན་ཝེ་ཆིན་དབྱི་ལང་གི་དྲི་བར་ལན་འདེབས་སྐབས། གལ་ཏེ་ཀྲུང་གོའི་དམག་དཔུང་གི་གནམ་གྲུས་ཏེའོ་ཡུས་གླིང་ཕྲན་གྱི་བར་སྣང་ནས་ཨ་མེ་རི་ཁའི་དམག་དཔུང་གི་གནམ་གྲུ་ལ་འཇབ་རྒོལ་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཚེ། འཇར་པན་ཕྱོགས་ཀྱིས་འགོག་སྲུང་སྟོབས་ཤུགས་བཀོལ་ནས་རང་སྲུང་རུ་ཁག་གིས་དྲག་ཤུགས་བཀོལ་བའི་བཀའ་འབེབ་སྲིད་ཅེས་བཤད། ཁོས་ཏེའོ་ཡུས་གླིང་ཕྲན་གྱི་བར་སྣང་ནི་འཇར་པན་གྱི་མངའ་ཁོངས་ཡིན་ལ། འཇར་པན་ལ་དྲག་ཤུགས་འཇབ་རྒོལ་བྱས་པ་འདྲ་བའི་གནས་ཚུལ་བྱུང་ཚེ། འཇར་པན་ཕྱོགས་ཀྱིས་རང་སྲུང་རུ་ཁག་གི་བཅའ་ཁྲིམས་གཞིར་བཟུང་ནས་འགོག་སྲུང་སྟོབས་ཤུགས་བཀོལ་ཏེ་རྒོལ་ལན་སྤྲོད་སྲིད་ཅེས་བསྒྲགས།

ན་ནིང་གི་ཟླ12པའི་ཚེས3ཉིན། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧུང་ལེ་ཡིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་། ཀྲུང་གོ་དང་འཇར་པན་གྱི་མཁའ་སྲུང་ས་རྟགས་མཉམ་དུ་འདྲེས་ཡོད་ལ། མཉམ་དུ་འདྲེས་པའི་མཁའ་ཁོངས་ཀྱི་འཕུར་སྐྱོད་བདེ་འཇགས་ཀྱི་གནད་དོན་ཐད་ནས། ཀྲུང་གོས་ཕྱོགས་གཉིས་ཀྱིས་གྲོས་མོལ་དང་འབྲེལ་འདྲིས་ལ་ཤུགས་སྣོན་རྒྱུའི་གྲོས་གཞི་བཏོན་མྱོང་བ་དང་། དེས་ཀྲུང་གོའི་ལྷག་བསམ་མཚོན་ཡོད། ཡིན་ནའང་འཇར་པན་ཕྱོགས་ཀྱིས་ཁ་ནས་གྲོས་མོལ་གྱི་སྒོ་ཆེན་ཆེས་ཆེར་ཕྱེས་ཡོད་ཅེས་བསྒྲགས་ཀྱང་གྲོས་མོལ་གྱི་དུས་ལ་བབས་དུས་གྲོས་མོལ་གྱི་སྒོ་མོ་བརྒྱབ་པས། འདིས་འཇར་པན་ཕྱོགས་ཁ་བཤད་དོན་ལ་མི་གནས་པ་ཡང་བསྐྱར་མཚོན་ཡོད་ཅེས་བཤད་མྱོང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག