མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལང་གི་ཙུང་ཐུང་གིས་རྒྱལ་སྟོན་ཉིན་མོར་གཏམ་བཤད་སྤེལ་ཏེ་ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་བཀོལ་སྤྱོད་བྱེད་པའི་ཆོད་སེམས་ནམ་ཡང་འདོར་མི་སྲིད་ཅེས་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-13 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཝ་ཧྲིན་ཏོན་སྦྲག་སྲིད་ཚགས་པར་གྱིས་ཟླ2པའི་ཚེས11ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་ཡིས་ཚེས11ཉིན་དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྟོན་ཉིན་མོའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ནས། རྒྱལ་ནང་གི་ཆབ་སྲིད་སྟོབས་ཤུགས་སོ་སོ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། དབྱི་ལང་གིས་ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་བཀོལ་སྤྱོད་བྱེད་པའི་ཆོད་སེམས་དེ་ནམ་ཡང་འདོར་མི་སྲིད་པ་བསྐྱར་བསྒྲགས་བྱས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ལུའུ་ཧ་ཉི་ཡིས་གཏམ་བཤད་སྐབས། སྲིད་ཏང་གང་ཞིག་ཡིན་ཡང་གཅིག་པུས་དབྱི་ལང་ལ་དབང་སྒྱུར་བྱེད་མི་ཐུབ་པས། རྒྱལ་ཁབ་འདི་ཕྱོགས་སོ་སོས་མཉམ་དུ་སྐྱོང་དགོས་ཞེས་བཤད། ལུའུ་ཧ་ཉི་ཡིས་ད་དུང་དབྱི་ལང་མང་ཚོགས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱེད་པ་དང་། སྔོན་ཆད་ཀྱི་འགལ་བ་ཡོངས་སུ་དོར་ནས་མཉམ་དུ་མདུན་སྐྱོད་བྱེད་དགོས་པའི་རེ་བ་བཏོན།

བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལང་གིས་གཟའ་འཁོར་རྗེས་མར་ཉིང་རྡུལ་གནད་དོན་ཐད་ནས་ཝེ་ཡ་ན་ནས་རྒྱལ་ཁབ་དྲུག་ལ་སྐོར་ཐེངས་རྗེས་མའི་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ལུའུ་ཧ་ཉི་ཡིས་དུས་ཚོད་འདི་འདྲ་ཞིག་བདམས་ནས་གཏམ་བཤད་སྤེལ་བ་དེས་དབྱི་ལང་གིས་རྒྱལ་ཁབ་རང་གི་ནུས་ཁུངས་ལག་རྩལ་གསར་བ་འཕེལ་རྒྱས་སུ་གཏོང་བ་དང་རང་སྲུང་ནུས་པ་ཇེ་ཆེར་གཏོང་བའི་ཆོད་སེམས་མཚོན་ཡོད་ཟེར། གཏམ་བཤད་སྤེལ་སྐབས། ལུའུ་ཧ་ཉི་ཡིས་དབྱི་ལང་གིས་ཉིང་རྡུལ་འཆར་གཞི་དེ་དུས་ནམ་ཡིན་ཡང་འདོར་མི་སྲིད་ཅེས་བཤད་པ་མ་ཟད། དབྱི་ལང་གི་ཉིང་རྡུལ་འཆར་གཞིའི་དམིགས་ཡུལ་ནི་ཞི་བདེའི་ཆེད་དུ་ཡིན་པ་མ་ཟད། ཉིང་རྡུལ་མཚོན་ཆ་ཁྱབ་བརྡལ་དུ་མི་གཏོང་བའི་ཆིངས་ཡིག་སྟེང་ཆོག་མཆན་བཀོད་པའི་ཁྱབ་ཁོངས་སུ་སྤེལ་བ་ཡིན་ཞེས་བསྒྲགས།

ལུའུ་ཧ་ཉི་ཡིས་ཝེ་ཡེ་ན་ནས་བསྡུ་རྒྱུ་ཡིན་པའི་ཉིང་རྡུལ་གྲོས་མོལ་དེ་དབྱི་ལང་དང་ཨ་མེ་རི་ཁའི་འབྲེལ་བ་དང་། དབྱི་ལང་དང་ཡོ་རོབ་གླིང་གི་འབྲེལ་བ་ཇེ་ལེགས་སུ་གཏོང་བའི་གོ་སྐབས་ཤིག་ཏུ་བརྩིས་ཡོད་མོད། ཡིན་ནའང་ཁོས་གལ་ཏེ་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གིས་སྔར་བཞིན་རང་གིས་སྔོན་ཆད་བཟོས་པའི་ནོར་འཁྲུལ་བསྐྱར་ཟློས་བྱས་ན། རང་རྒྱལ་ཁབ་དང་རང་ས་ཁུལ། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱི་བརྟན་འཇགས་ལ་གནོད་པ་བཟོ་སྲིད་ཅེས་ཉེན་བརྡ་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དབྱི་ལང་གི་རྒྱལ་སྟོན་ཉིན་མོའི་མཛད་སྒོ་དེ་རྒྱལ་ས་ཐེ་ཧེ་རན་གྱི་རང་དབང་ཐང་ཆེན་ནས་བསྡུས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག