མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨར་ཅི་རི་ཡའི་དམག་བཀོལ་སྐྱེལ་འདྲེན་གནམ་གྲུ་ཞིག་ཐང་ལ་ལྷུང་ནས་མི77རྐྱེན་ལམ་དུ་ཤོར་བ་དང་མི1གསོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-12 11:32

ཨར་ཅི་རི་ཡའི་དམག་བཀོལ་སྐྱེལ་འདྲེན་གནམ་གྲུ་ཐང་ལ་ལྷུང་ས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡའི་མི་དོན་བརྒྱད་དྲུད་པའི་དམག་བཀོལ་སྐྱེལ་འདྲེན་གནམ་གྲུ་ཞིག་ཚེས11ཉིན་ཨར་ཅི་རི་ཡའི་རི་མང་སའི་ཤར་བྱང་ས་ཁུལ་ནས་ཐང་ལ་ལྷུང་སྟེ། གནམ་གྲུའི་སྟེང་གི་མི77རྐྱེན་ལམ་དུ་ཤོར་བ་དང་། མི1གསོན་ཡོད། དེ་ནི་རྒྱལ་ཁབ་དེ་ནས་ལོ་བཅུ་ལྷག་གི་རིང་ལ་བྱུང་བའི་གནམ་གྲུའི་ཆག་སྒོ་ཆེས་ཆེན་པོ་རེད་ཟེར།

ཨར་ཅི་རི་ཡའི་དཔོན་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། C130རྟགས་ཅན་གྱི་དམག་བཀོལ་སྐྱེལ་འདྲེན་གནམ་གྲུ་དེ་རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་ཨོ་ལད་ཀ་ཁན་སྡེ་བ་ནས་ཐང་ལ་ལྷུང་བ་དང་། སྐབས་དེར་གནམ་གྲུའི་སྟེང་དུ་དམག་མི་དོན་བཞི་དང་དེ་དག་གི་ཁྱིམ་མི། གནམ་གྲུའི་སྟེང་གི་ལས་དོན་པ་བཞི་བཅས་ཡོད་ཟེར།

དེའི་སྔོན་ལ་ཨར་ཅི་རི་ཡའི་གསར་འགྱུར་ལས་ཁུངས་དང་དམག་ཕྱོགས་ཀྱིས་གནམ་གྲུའི་སྟེང་དུ་མི་བརྒྱ་དང་གསུམ་ཡོད་ཅེས་བསྒྲགས། དཔོན་ཕྱོགས་ཀྱིས་མི་གྲངས་མི་འདྲ་བའི་རྒྱུ་རྐྱེན་ཐད་ནས་འགྲེལ་བཤད་ཅི་ཡང་མ་བྱས།

བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེའི་དགོང་མོར། ཨར་ཅི་རི་ཡའི་མྱུར་སྐྱོབ་སྡེ་ཁག་གིས་ཆག་སྒོ་བྱུང་ས་ནས་བེམ་པོ་དོན་དྲུག་རྙེད་པ་དང་། དེའི་ནང་གི་བཞི་ནི་བུད་མེད་རེད་ཟེར།

རྒྱལ་ཁབ་དེའི་རླུང་འཕྲིན་ལས་བསྒྲགས་པ་ལྟར་ན། ཆག་སྒོའི་ཁྲོད་གསོན་པའི་མི་གཅིག་པོ་དེ་ཅུན་ཧྲི་ཐན་ཏིན་ས་ཆའི་དམག་ཕྱོགས་ཀྱི་སྨན་ཁང་ཞིག་ལ་བསྐྱལ་ཡོད་ཟེར་བ་དང་། རྒྱུས་ལོན་བྱུང་བ་ལྟར་ན་ཅུན་ཧྲི་ཐན་ཏིན་ནི་མ་གཞི་ནས་ཆག་སྒོ་བྱུང་བའི་གནམ་གྲུ་དེ་མཇུག་མཐར་འབབ་ས་ཡིན་ལ། མི་དེའི་མགོ་བོར་རྨས་ཕོག་ཡོད་ཟེར།

ཨར་ཅི་རི་ཡའི་ཙུང་ཐུང་གིས་ཚེས12ཉིན་ནས་བཟུང་ཨར་ཅི་རི་ཡས་དུས་ཡུན་ཉིན་གསུམ་ལ་རྒྱལ་ཡོངས་ནས་ཆག་སྒོའི་དེའི་ཁྲོད་ཀྱི་འདས་པོར་མྱ་ངན་ཞུ་རྒྱུ་ཡིན་ཞེས་བསྒྲགས།

ཨར་ཅི་རི་ཡའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ཆག་སྒོ་དེའི་འབྱུང་རྐྱེན་ནི་ནམ་ཟླ་མི་ལེགས་པའི་རྐྱེན་ཡིད་སྲིད་ལ། རྒྱལ་སྲུང་པུའུ་ཡིས་ཆེད་དོན་ཨུ་ཡོན་ལྷན་ཁང་བཙུགས་ཏེ་ཆག་སྒོའི་འབྱུང་རྐྱེན་ལ་ཞིབ་བཤེར་བྱེད་བཞིན་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཆག་སྒོ་བྱུང་བའིC130རྟགས་ཅན་གྱི་དམག་བཀོལ་སྐྱེལ་འདྲེན་གནམ་གྲུ་དེ་ཉིན་དེར་རྒྱལ་ས་ཨར་ཅི་ཨར་ལྷོ་ཕྱོགས་ཀྱི་སྤྱི་ལེ་ཉིས་བརྒྱའི་མཚམས་ཀྱི་ཐ་མན་ལ་སའེ་ཐི་གནམ་གྲུ་ཐང་འཕུར་ཏེ་ཨར་ཅི་རི་ཡའི་གྲོང་ཁྱེར་ཆེན་པོ་གསུམ་པ་ཅུན་ཧྲི་ཐན་ཏིན་ལ་བསྐྱོད། ས་དེའི་ཉིན་གུང་གི་དུས་ཚོད་བཅུ་གཉིས་ཡས་མས་སུ་གནམ་གྲུ་དེ་ས་རུ་འབབ་སྐབས་ཅུན་ཧྲི་ཐན་ཏིན་དང་བར་ཐག་སྤྱི་ལེ་ལྔ་བཅུའི་མཚམས་ཀྱི་ཝུའུ་མུའུ་པུའུ་ཝ་ཅི་ཞིང་ཆེན་གྱི་རི་ཁུལ་ནས་ཐང་ལ་ལྷུང་ཟེར།

2013ལོའི་ཟླ3པར། ཨར་ཅི་རི་ཡའི་མཁའ་འགྲུལ་ཀུང་ཟིའི་པོ་དབྱིན737འགྲུལ་སྐྱེལ་གནམ་གྲུ་ཞིག་ཐང་ལ་ལྷུང་ནས། མི102རྐྱེན་ལམ་དུ་ཤོར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག