མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱིས་འཇར་པན་དང་ཧན་གོའི་འབྲེལ་བ་ཇེ་བཟང་དུ་གཏོང་རྩིས་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-12 11:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཧན་གོ་གཉིས་མཉམ་འབྲེལ་བྱས་ཏེ་ལོ་རྒྱུས་གནད་དོན་ཐད་ནས་འཇར་པན་ལ་གནོན་ཤུགས་སྟེར་བར་སེམས་ཁུར་བྱས་ཏེ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་ཉེ་སྔོན་སྔོན་ལ་འཇར་པན་དང་ཧན་གོའི་འབྲེལ་བ་ཇེ་བཟང་དུ་གཏོང་རྒྱུའི་རྣམ་འགྱུར་བསྟན། གཤིབ་བསྡུར་བྱས་ཚེ་ཧན་གོ་དང་འཇར་པན་བར་གྱི་འགལ་བ་ནི་ཀྲུང་གོ་དང་འཇར་པན་གཉིས་ལྟར་ཕན་ཚུན་ཁ་གཏད་དུ་ལངས་པ་ལྟ་བུའི་ཚབས་ཆེན་མིན་ལ། དེའི་ཁར་ཨ་མེ་རི་ཁ་དེ་གཉི་གའི་བར་དུ་ལངས་ཡོད་པས། འཇར་པན་སྲིད་གཞུང་གིས་སྔོན་ལ་ཧན་གོ་དང་འཇར་པན་གྱི་འབྲེལ་བ་ནས་མགོ་བརྩམས་ཏེ། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བ་ཇེ་བཟང་དུ་གཏོང་རྒྱུའི་ཐག་བཅད།

དེའི་ཐད་ནས་ཧན་གོ་ཕྱོགས་ཀྱིས་དེ་ནི་འཇར་པན་རག་ལས་དགོས་ཏེ། འཇར་པན་གྱིས་ནོར་འཁྲུལ་གྱི་ལོ་རྒྱུས་འདུ་ཤེས་བསྒྱུར་དགོས་པར་འདོད་ཡོད། ཡིན་ནའང་མིག་སྔའི་ཁྲའོ་ཞན་གྱི་ཉིང་རྡུལ་ཉམས་ཉེན་མདུན་ནས། ཧན་གོས་ཀྱང་ཧན་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བ་མྱུར་དུ་ཇེ་བཟང་དུ་གཏོང་དགོས་པར་འདོད་ཡོད། དེས་མི་ཚད་ཆེད་མཁས་པས་ད་དུང་ཧན་གོས་ཨ་མེ་རི་ཁར་བརྟེན་པ་དང་ཀྲུང་གོར་འབྲེལ་འདྲིས་བྱེད་པ། འཇར་པན་བཀོལ་སྤྱོད་བྱེད་པ་བཅས་ཀྱི་འཐབ་ཇུས་སྤྱོད་རྒྱུའི་གྲོས་གཞི་བཏོན་ཡོད།

ན་ནིང་གི་ཟླ་བཅུ་གཉིས་པར་ཨན་པེ་ཅིན་སན་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཡིན་པའི་ཆ་ནས་ཅིན་གོ་ལྷ་ཁང་ལ་མཇལ་རྗེས། ཀྲུང་གོས་འཇར་པན་གྱིས་ཀྲུང་གོ་དང་འཇར་པན་གྱི་མགོ་གཙོའི་གྲོས་མོལ་གྱི་སྒོ་ཆེན་བརྒྱབ་པ་རེད་ཅེས་བཤད་པ་མ་ཟད། ཨན་པེ་ཅིན་སན་གྱིས་མྱུར་དུ་དགོངས་དག་ཞུ་དགོས་པའི་རེ་བ་བཏོན། དེ་དང་བསྡུར་ཚེ་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱི་རྣམ་འགྱུར་ཅུང་ཙམ་གཉོམ། ཕེའོ་ཅིན་ཧོས་ཀྱིས་ཟླ་དང་པོའི་ཚེས་དྲུག་ཉིན་གྱི་ལོ་སར་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་དུ། ད་ལྟའི་བར་དུ་ངས་ཧན་གོ་དང་འཇར་པན་གྱི་མགོ་གཙོའི་གྲོས་མོལ་མི་སྤེལ་ཞེས་གཏན་ནས་བཤད་མ་མྱོང་ཞེས་བཤད་པ་དང་། དེ་དང་མཉམ་དུ་མོས་ཧན་གོ་དང་འཇར་པན་གྱི་མགོ་གཙོའི་གྲོས་མོལ་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཕན་པའི་གྲུབ་འབྲས་ལེན་དགོས་པས། དོན་དེར་གྲ་སྒྲིག་གང་ལགེས་བྱེད་དགོས་ལ། ངས་བལྟས་ན་གྲ་སྒྲིག་བཟང་པོའི་འོག་ཏུ་གྲོས་མོལ་བྱས་ན་ད་གཟོད་འཇར་པན་གྱི་ཀུན་སྤྱོད་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་ཐུབ་ཅེས་བཤད།

ཟླ་གཉིས་པའི་ཚེས་དྲུག་ཉིན་བསྡུས་པའི་གྲོས་ཞུགས་ཁང་སྔོན་རྩིས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་སྟེང་ཡང་། ཨན་པེ་ཡིས་འཇར་པན་དང་ཧན་གོའི་འབྲེལ་བ་ཇེ་ལེགས་སུ་གཏོང་བའི་ཐད་ནས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་གྲོས་མོལ་བྱེད་འདོད་པའི་ཚུལ་བསྟན། ཁོས་བཤད་རྒྱུར། ངས་གྲོས་མོལ་གྱི་སྒོ་མདུན་ནས་རེ་སྒུག་ཁོ་ན་མི་བྱེད་པར་རང་འགུལ་གྱིས་བྱེད་ཐབས་སྤྱད་དེ་འཇར་པན་དང་ཧན་གོའི་མགོ་གཙོའི་གྲོས་མོལ་སོགས་ཆབ་སྲིད་རིམ་པའི་བརྗེ་རེས་མངོན་འགྱུར་བྱེད་དགོས་པར་འདོད་ཡོད་ཟེར། ཨན་པེ་ཡིས་ཧན་གོ་ནི་འཇར་པན་བར་ཐུན་མོང་གི་རིན་ཐང་ལྟ་བ་ཡོད་པའི་ཆེས་གལ་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ཞེས་བཤད། ཁོས་ད་དུང་ཆེད་དུ་ཀྲུའུ་ཏའོ་གླིང་ཕྲན་དང་དམག་དཔུང་གི་རྗེས་སུ་འབྲངས་པའི་འདོད་སེལ་མ་སོགས་ཀྱི་གནད་དོན་དཔེ་རུ་བླངས་ཏེ། ཐག་གཅོད་དགོས་པའི་གནད་དོན་ཡོད་པའི་རྐྱེན་གྱིས། ད་གཟོད་སེམས་རྒྱ་བསྐྱེད་དེ་ཆ་རྐྱེན་མེད་པར་མགོ་གཙོའི་གྲོས་མོལ་བྱེད་དགོས་ཞེས་བཤད།

འཇར་པན་ཐུན་མོང་གསར་འགྱུར་ཁང་གིས་དབྱེ་ཞིབ་བྱས་པ་ལྟར་ན། ཨན་པེ་ཡིས་བྱེད་ཐབས་བཟང་པོ་སྤྱད་དེ་ཧན་གོའི་བར་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་རྒྱུའི་ཚུལ་བསྟན་པའི་རྒྱུ་མཚན་ནི། འཇར་པན་སྲིད་གཞུང་གིས་ཀྲུང་གོས་ཐབས་ཤེས་སྣ་ཚོགས་སྤྱད་དེ་འཇར་པན་ལ་གནོན་ཤུགས་སྟེར་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྗེས་ཕྱོགས་མུ་མཐུད་ཛ་དྲག་ཏུ་འགྱུར་རྒྱུ་ཡིན་པས། འཇར་པན་གྱིས་སྔོན་ལ་འཇར་པན་དང་ཧན་གོའི་འབྲེལ་བ་ཇེ་བཟང་དུ་གཏོང་དགོས་པར་འདོད་པའི་རྐྱེན་ཡིན་ཟེར།

འཇར་པན་གྱིས་ཧན་གོར་མཐོང་ཆེན་བྱེད་བཞིན་པ་དེས་ཨ་མེ་རི་ཁའི་འདོད་བློ་ཡང་མཚོན་ཡོད།

ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་སྲུང་པུའུ་ཀྲང་གཞོན་པ་ཧྥེ་ལུའུ་ནུའུ་ཝ་ཡིས་ཟླ་གཉིས་པའི་ཚེས་དྲུག་ཉིན་ཏུང་ཅིན་ནས་གཏམ་བཤད་སྤེལ་ཏེ་བཤད་རྒྱུར། ཨེ་ཤ་ཡ་ཤར་མ་ས་ཁུལ་གྱི་བརྟན་འཇགས་ལ་མཚོན་ན་འཇར་པན་དང་ཧན་གོའི་འབྲེལ་བ་ཇེ་བཟང་དུ་གཏོང་རྒྱུ་དེས་གོ་གནས་གཙོ་བོ་ཟིན་ཡོད་ཟེར། མོས་འཇར་པན་སྲིད་གཞུང་གིས་མཛའ་མཐུན་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་པའི་འཐབ་ཇུས་ཀྱི་དགོས་མཁོར་དམིགས་ཏེ་གོ་རིམ་རྗེས་མའི་འགུལ་སྐྱོད་སྤེལ་འོས་ཞེས་བཤད།

ཧྥེ་ལུའུ་ནུའུ་ཝ་ཡིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ཅིན་གོ་ལྷ་ཁང་ལ་མཇལ་རྗེས། ཨ་མེ་རི་ཁའི་སྲིད་གཞུང་དེར་ཡིད་ཕམ་ཡོད་ཅེས་བཤད་པ་དང་། དེས་ཨ་མེ་རི་ཁ་ཕྱོགས་དེར་མ་དགའ་བའི་རྣམ་འགྱུར་མཚོན་ཡོད། ཧྥེ་ལུའུ་ནུའུ་ཝ་ཡིས་ད་དུང་ཁྲའོ་ཞན་གྱིས་ཉིང་རྡུལ་སྔོག་འདོན་བྱེད་པ་དང་ཀྲུང་གོ་དར་རྒྱས་སུ་འགྲོ་བའི་རྒྱབ་ལྗོངས་འོག་ཏུ། འཇར་པན་དང་ཧན་གོའི་འབྲེལ་བ་ཇེ་སྡུག་ཏུ་སོང་ན་ཨ་མེ་རི་ཁ་དང་མནའ་གྲོགས་རྒྱལ་ཁབ་བར་གྱི་འཐབ་ཇུས་མཉམ་ལས་ལ་གནོད་པ་ཐེབས་སྲིད་ཅེས་བཤད།

དེས་མི་ཚད། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཀྱང་ས་དེའི་ཚེས་བདུན་ཉིན་ཝ་ཧྲིན་ཏོན་ནས་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཡན་ཐེན་ཝུན་ཞུང་ལ་ཐུག་འཕྲད་བྱེད་སྐབས། འཇར་པན་དང་ཧན་གོའི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བར་སེམས་ཁུར་བྱེད་པའི་ཚུལ་བསྟན། དེ་དང་མཉམ་དུ་ཁོས་ཀྲུང་གོས་ཁྲའོ་ཞན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་པར་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པས། འཇར་པན་གྱིས་འཇར་པན་དང་ཀྲུང་གོའི་འབྲེལ་བ་ཇེ་བཟང་དུ་གཏོང་དགོས་ཞེས་འབོད་སྐུལ་བཏང་།  ། 

འཇར་པན་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། འཇར་པན་སྲིད་གཞུང་གིས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་ཟླ4བར་འཇར་པན་ལ་རྒྱལ་དོན་འཚམས་འདྲི་བྱེད་སྐབས། ཧན་གོ་སྲིད་གཞུང་གིས་ཀྱང་དེའི་སྐབས་སུ་ཨོ་པ་མས་ཧན་གོར་འཚམས་འདྲི་བྱེད་པར་གདན་འདྲེན་རྒྱུའི་རེ་བ་བཅངས་ཡོད་ཟེར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྱང་ཨོ་པ་མའི་འཚམས་འདྲིའི་ཉིན་རིམ་ལ་ཞིབ་འཇུག་བྱེད་སྐབས། ཧན་གོའི་ལངས་ཕྱོགས་དང་ཚོར་སྣང་ལ་བསམ་བློ་མི་གཏོང་ཐབས་མེད་བྱུང་ཡོད། འཇར་པན་དང་ཧན་གོ་གཉིས་ལོ་རྒྱུས་འདུ་ཤེས་ཀྱི་གནད་དོན་ཐད་ནས་ཁ་གཏད་དུ་འགྲེང་བཞིན་པའི་གནས་ཚུལ་འོག འཇར་པན་སྲིད་གཞུང་གི་མི་ལ་ལས་ཨོ་པ་མ་སྲིད་གཞུང་དེ་ཧན་གོའི་ཕྱོགས་སུ་ལྷུང་བར་སེམས་ཁུར་བྱེད་བཞིན་པ་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག