མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལང་ཉིང་རྡུལ་འཆར་གཞིའི་ཐད་ཀྱི་དོགས་གཞི་སེལ་བར་འཐད་པ་བྱུང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-11 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཚེས9ཉིན་གྲོས་མཐུན་བཀོད་དེ། བྱེད་ཐབས་བདུན་སྤྱད་དེ་ཕྱོགས་གཉིས་ཀྱིས་ན་ནིང་གི་ཟླ་བཅུ་གཅིག་པར་བཀོད་པའི་མཉམ་ལས་ལམ་ཐིག་ལག་བསྟར་བཟང་པོ་བྱས་ནས། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཡུན་རིང་བོར་དབྱི་ལང་གི་ཉིང་རྡུལ་འཆར་གཞིའི་ཐད་བཅངས་པའི་དོགས་གཞི་སེལ་བར་འཐད་པ་བྱུང་།

ན་ནིང་གི་ཟླ་བཅུ་གཅིག་པར། དབྱི་ལང་གིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་མཉམ་ལས་ལམ་ཐིག་བཀོད་དེ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཞིབ་བཤེར་མི་སྣར་ཉིང་རྡུལ་སྒྲིག་ཆས་ཁ་ཤས་ལ་ཞིབ་བཤེར་བྱེད་དུ་བཅུག དེས་མི་ཚད་ཕྱོགས་གཉིས་ཀྱིས་ད་དུང་ལམ་ཐིག་གཞིར་བཟུང་ནས་མཉམ་ལས་བྱས་ཏེ་རྗེས་ཕྱོགས་ཀྱི་ཟླ་གསུམ་གྱི་ནང་དུ་བྱེད་ཐབས་མང་པོ་ལག་བསྟར་བྱེད་རྒྱུའི་ཐག་བཅད།

ཚེས་བརྒྱད་དང་ཚེས་དགུ་ཉིན་གཉིས་ལ། དབྱི་ལང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་དཔོན་རིགས་ཀྱིས་དབྱི་ལང་གི་རྒྱལ་ས་ཐེ་ཧེ་རན་ནས་གྲོས་མོལ་བྱས་པ་དང་། མཇུག་མཐར་མཉམ་ལས་ཀྱི་བྱེད་ཐབས་བདུན་ལ་གྲོས་འཆམ་བྱུང་། དེའི་ནང་དུ་ནུབ་ཕྱོགས་གསར་འགྱུར་ལས་ཁུངས་ཀྱིས་ཆེས་དོ་སྣང་བྱེད་ཡུལ་ནི་དབྱི་ལང་འགད་ཆས་ཤིག་གི་གསར་བཟོའི་ཆ་འཕྲིན་འདོན་སྤྲོད་བྱེད་པར་འཐད་པ་བྱུང་བ་དེ་རེད།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་བཤད་རྒྱུར། དབྱི་ལང་འགད་ཆས་ཤིག་གི་ཆ་འཕྲིན་དང་གསལ་བཤད་འདོན་སྤྲོད་བྱས་ཏེ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལང་གི་དགོས་མཁོ་དང་ཉེར་སྤྱོད་ལ་དཔྱད་འཇོག་བྱེད་པར་འཐད་པ་བྱུང་ཡོད་ཟེར།

ཕྱོགས་གཉིས་བར་གྲོས་མཐུན་བྱུང་བའི་མཉམ་ལས་ཀྱི་བྱེད་ཐབས་གཞན་པའི་ནང་དུ་དབྱི་ལང་ཡཱ་ཙི་ཏི་ཞིང་ཆེན་གྱི་སཱ་ཀན་ཏི་ཡུག་གཏེར་དང་ཨར་ཏ་ཁན་གྱི་གསེར་ལེབ་ཐོན་སྐྱེད་བཟོ་གྲྭ་ལ་ཞིབ་བཤེར་བྱེད་པ་དང་། ཨ་ལ་ཁིའི་ཉིང་རྡུལ་སྒྲིག་ཆས་ཀྱི་ཆ་འཕྲིན་འཐུས་ཚང་དུ་གཏོང་བ་མ་ཟད་དེའི་སྔོན་གྱི་ཉིང་རྡུལ་སྒྲིག་ཆས་ཀྱི་གྲོས་ཆོད་ལག་བསྟར་བྱེད་པ། ལཱ་ཧྲི་ཁ་ལ་པ་ཏིའི་སྐུད་འོད་ལྟེ་གནས་དང་བཀོལ་སྤྱོད་བྱས་མེད་པའི་ཉིང་རྡུལ་མ་བཅོས་རྒྱུ་ཆའི་ཆ་འཕྲིན་འདོན་སྤྲོད་བྱེད་པ་སོགས་འདུས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག