མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་སི་ཁྲུ་ལི་ཡའི་ཚན་རིག་པས་ལོ་རྒྱུས་ཆེས་རིང་བའི་བརྟན་སྐར་ཞིག་རྙེད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-11 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་ལི་ཡའི་ཚན་རིག་པས་ཚེས9ཉིན་བཤད་པ་ལྟར་ན། ཁོ་ཚོས་དགུ་ཚིགས་ཁྱིམ་རྒྱུད་ཁྲོད་ནས་ལོ་རྒྱུས་ཆེས་རིང་བའི་བརྟན་སྐར་ཞིག་རྙེད་པ་དང་། དེར་ལོ་ངོ་ཐེར་ཆེན་གཅིག་དང་ཐེར་འབུམ་གསུམ་དུང་ཕྱུར་དྲུག་གི་ལོ་རྒྱུས་ཡོད་ལ། ལོ་ངོ་ཐེར་ཆེན་གཅིག་དང་ཐེར་འབུམ་གསུམ་དུང་ཕྱུར་བརྒྱད་ཀྱི་ལོ་རྒྱུས་ཡོད་པའི་འཇིག་རྟེན་དང་ཕལ་ཆེར་ན་མཉམ་རེད་ཟེར།

བརྟན་སྐར་དེ་དང་སའི་གོ་ལའི་བར་དུ་བར་ཐག་འོད་ལོ་སྟོང་དྲུག་ཡོད་ལ། འཇིག་རྟེན་འདིའི་ཁྱབ་ཁོངས་ནས་བཤད་ན་ཁྱིམ་མཚེས་རེད་ཅེས་བཤད་ཆོག

བརྟན་སྐར་དེ་ནི་རྒྱལ་བཙུགས་ཨོ་སི་ཁྲུ་ལི་ཡའི་སློབ་གྲྭ་ཆེན་མོའི་གནམ་རིས་འབྲི་བཟོ་པ་ཞེས་པའི་རྒྱང་ལྟ་མེ་ལོང་ཚོད་ལྟ་ཁང་གི་ཚན་རིག་པས་རྙེད་པ་རེད། སློབ་གྲྭ་ཆེན་མོ་དེའི་སྐར་རྩིས་པ་སི་ཐི་ཏན་ཁའེ་ལེ་ཡིས་གློག་རྡུལ་འཕྲིན་ཡིག་ནང་ཧྥ་རན་སིའི་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཁོ་ཚོ་བརྟན་སྐར་དེ་ནི་འཇིག་རྟེན་ཆགས་རྗེས་ཀྱི་ལོ་ངོ་ས་ཡ་འགའི་རྗེས་སུ་ཆགས་པ་ཡིན་ལ། ཉིས་སྟོང་བདུན་ལོ་དང་ཉིས་སྟོང་བཅུ་གསུམ་ལོར་ཡོ་རོབ་གླིང་དང་ཨ་མེ་རི་ཁའི་སྐར་རྩིས་པས་རྙེད་པའི་ལོ་རྒྱུས་ཆེས་རིང་བའི་བརྟན་སྐར་གྱི་ལོ་ཚོད་ནི་ཐེར་ཆེན་གཅིག་དང་ཐེར་འབུམ་གསུམ་དུང་ཕྱུར་གཉིས་རེད་ཟེར།

ཁའེ་ལེ་ཡིས་བཤད་རྒྱུར། ཁོ་ཚོས་ལྕགས་རིགས་རྒྱུ་ཆའི་འདུས་ཚད་ལ་བརྟེན་ནས་བརྟན་སྐར་གྱི་ལོ་ཚོད་ཐག་གིས་བཅད་པ་ཡིན་ལ། འདུས་ཚད་ཅི་ཙམ་ཉུང་ན་ལོ་ཚོད་དེ་ཙམ་ཆེ། འཇིག་རྟེན་ཐོག་མར་ཆགས་སྐབས་ཆིན་དང་ཧེ་ལས་གཞན་ལེ་རྒྱུ་ཆ་ཉུང་ངུ་མ་གཏོགས་མེད་ལ། རྒྱུ་ཆ་གཞན་དག་བརྟན་སྐར་སྟེང་དུ་ཡོད། བརྟན་སྐར་ཡང་དང་བསྐྱར་དུ་ཆགས་འཇིག་བྱུང་བ་ལས་ལྕགས་རིགས་རྒྱུ་ཆའི་འདུས་ཚད་རིམ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད་ཟེར།

ཁོ་ཚོས་འོད་རིས་ལ་དབྱེ་ཞིབ་བྱས་རྗེས། གསར་དུ་རྙེད་པའི་ལོ་རྒྱུས་ཆེས་རིང་བའི་བརྟན་སྐར་དེའི་ལྕགས་རིགས་རྒྱུ་ཆའི་འདུས་ཚད་ཉི་མའི་ས་ཡ་ཆའི་གཅིག་ཙམ་ཡང་མེད་ལ། ཆེས་མང་ན་ཡང་ད་སྔ་ཤེས་ཡོད་པའི་བརྟན་སྐར་གྱི་དྲུག་ཅུ་ཆའི་གཅིག་མ་གཏོགས་མེད་པས། ང་ཚོས་བརྟན་སྐར་འདི་ནི་ད་བར་དུ་ལོ་རྒྱུས་ཆེས་རིང་བའི་བརྟན་སྐར་རེད་ཟེར།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག