མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་པོ་ཧེ་རུ་སྡོད་པའི་འཐུས་མིས་གལ་ཏེ་པོ་ཧེའི་ཟིང་འཁྲུག་ཚབས་ཇེ་ཆེར་སོང་ན་ཡོ་རོབ་གླིང་མནའ་འབྲེལ་གྱི་དམག་དཔུང་བཀོལ་བར་བསམ་གཞིགས་གཏོང་རྒྱུ་ཡིན་ཞེས་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-10 10:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་པོ་ཧེ་རུ་སྡོད་པའི་མཐོ་རིམ་འཐུས་མི་དབྱིན་ཙི་ཁི་ཡིས་ཚེས9ཉིན་གལ་ཏེ་པོ་ཧེའི་ཟིང་འཁྲུག་མུ་མཐུད་ཚབས་ཇེ་ཆེར་སོང་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་པོ་ཧེ་རུ་སྡོད་པའི་དམག་དཔུང་བཀོལ་བར་བསམ་བློ་གཏོང་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་།

དབྱིན་ཙི་ཁི་ཡིས་ཉིན་དེར་ཨོ་སི་ཁྲུ་རི་ཡའི་ཚགས་པར་ཁང་ཞིག་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པོ་ཧེའི་གནས་བབ་ཀྱི་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། གལ་ཏེ་ཟིང་འཁྲུག་ཚབས་ཇེ་ཆེར་སོང་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་པོ་ཧེ་རུ་སྡོད་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་མི་བཀོལ་ག་མེད་ཡིན་མོད། ཡིན་ནའང་མིག་སྔར་དེ་ལྟར་བྱེད་དགོས་དོན་མེད་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་པོ་ཧེ་རུ་སྡོད་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ནི་ཉིས་སྟོང་བཞི་ལོའི་ཟླ12པར་བཙུགས་པ་དང་། དེས་བྱང་ཆིངས་རྩ་འཛུགས་ཀྱི་པོ་ཧེ་རུ་སྡོད་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་ཚབ་བྱས་པ་དང་། ད་ལྟ་དམག་མི་དྲུག་བརྒྱ་ཙམ་ཡོད།

དབྱིན་ཙི་ཁི་ཡིས་པོ་ཧེ་ནས་ཟིང་འཁྲུག་བྱུང་བའི་རྒྱུ་རྐྱེན་ནང་གི་གཅིག་ནི་རྒྱལ་ཁབ་ལས་ཁུངས་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་མ་ཐུབ་པའི་རྐྱེན་ཡིན་པར་འདོད་ཡོད། ཁོས་བཤད་རྒྱུར། དབྱི་ཏུན་གྲོས་ཆོད་ཀྱིས་པོ་ཧེའི་དམག་འཁྲུག་མཚམས་འཇོག་ཏུ་བཅུག་མོད། ཡིན་ནའང་གྲོས་ཆོད་འདི་རྨང་གཞིར་བཟུང་བའི་པོ་ཧེའི་རྩ་ཁྲིམས་རྙོག་འཛིང་ཡིན་དྲག་པས། ལས་ཁུངས་མང་བ་དང་ཕན་འབྲས་དམའ་བའི་སྣང་ཚུལ་བྱུང་ལ། པོ་ཧེ་ཡིས་ཁྲིམས་ལུགས་མ་ལག་མྱུར་དུ་འཐུས་ཚང་དུ་གཏོང་དགོས་པ་དང་། ལྷག་པར་དུ་ཞིབ་དཔྱོད་ལས་ཁུངས་དང་ཉེན་རྟོག་སྡེ་ཁག་གི་སྟོབས་ཤུགས་ཇེ་ཆེར་གཏོང་དགོས་ཟེར།

པོ་ཧེ་དེ་མུའུ་ཁི་རྒྱལ་ཕྲན་མཉམ་འབྲེལ་དང་སའེ་རིགས་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱིས་གྲུབ་པ་ཡིན་ལ། སོ་སོར་སྲིད་གཞུང་དང་གྲོས་ཁང་ཡོད། ཟླ་འདིའི་ཚེས་ལྔ་ཉིན་པོ་ཧེའི་གྲོང་ཁྱེར་ཆེན་པོ་གསུམ་པ་ཐུའུ་ཙི་ལ་ནས་གཞི་ཁྱོན་ཆེན་པོའི་ངོ་རྒོལ་བྱ་འགུལ་བྱུང་བ་དང་། དེ་གྲོང་ཁྱེར་མང་པོར་མཆེད། རྔམ་སྟོན་པས་ཚེས་བདུན་ཉིན་ཉེན་རྟོག་པ་དང་འཁྲུག་རྩོད་དྲག་པོ་བྱས་ཏེ། སྲིད་གཞུང་སྡེ་ཁག་གི་ཁང་པ་མང་པོར་མེར་བསྲེགས། སཱ་ལཱ་རི་ཝོ་ནས་པོ་ཧེའི་ཙུང་ཐུང་བཞུགས་ཤག་དང་སཱ་ལཱ་རི་ཝོ་སྲིད་གཞུང་གི་ཐོག་ཁང་ཆེན་མོར་མེར་འབར་ཏེ་གཏོར་བརླགས་ཚབས་ཆེན་ཐེབས། ས་དེའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། འཁྲུག་རྩོད་མང་ཆེ་ཤོས་ནི་མུའུ་ཁི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་མངའ་ཁོངས་ནས་བྱུང་བ་དང་བསྡོམས་པས་མི200ལྷག་ལ་རྨས་ཕོག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག